《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月02日

ནག་ཆུ་གྲོང་ཁྱེར་གྱིས།

བྱ་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས་ལས་ཞུགས་བརྟན་པོ་ཡོང་རྒྱུ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། སྲིད་ཇུས་ཀྱི་ཁྲིད་སྟོན་དང་དོན་དངོས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་ཀྱིས། དམིགས་འབེན་དང་ལས་འགན་ལ་དམ་པོར་དམིགས་ནས་ཐབས་ལམ་མང་པོ་དང་བྱེད་ཐབས་སྣ་མང་སྤྱད་དེ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

ཆ་འཕྲིན་གྱི་གྲངས་གཞིའི་མཛོད་བཙུགས་པ་དང་འཐུས་ཚང་དུ་བཏང་ཞིང་། ནག་ཆུ་གྲོང་ཁྱེར་གྱིས་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་གཞིར་བཟུང་། རྩལ་ནུས་གསོ་སྦྱོང་གི་དགོས་མཁོའི་བརྟག་དཔྱད་མཐིལ་རྟོགས་ལས་དོན་དང་ལས་གནས་འབྲེལ་མཐུད་ལས་དོན་སྔ་སྣུར་དུ་ཡག་པོ་སྒྲུབ་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་ངལ་ནུས་ཀྱི་གྲངས་གཞིའི་མཛོད་ཏན་ཏིག་བསྐྲུན་ཏེ་ཞིང་འབྲོག་པའི་ངལ་ནུས་གསོ་སྦྱོང་ལས་ཞུགས་ཀྱི་འདུན་པ་གནད་སྨིན་ཁོང་དུ་ཆུད་པར་བྱས་པ་མ་ཟད། ལས་ཞུགས་གཞན་སྒྱུར་དང་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ཤིང་། ནག་ཆུ་གྲོང་ཁྱེར་གྱིས་སྲིད་ཇུས་བཟོ་བ་དང་། བྱ་དགའི་དངུལ་དོན་འཁྱོལ་བྱེད་པ། སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤེལ་བ་བརྒྱུད། མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བའི་ལས་ཞུགས་ལས་གཏོད་ཀྱི་ཡིད་ཆེས་དང་ཆོད་སེམས་འཕེལ་བར་བྱས་ཡོད། ད་བར་ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མ་ཕྱིར་ལས་ཞུགས་ལས་གཏོད་བྱེད་པར་བསྐྱོད་པའི་ཁ་གསབ་ཐེབས་རྩ་སྒོར་ཁྲི་3000བཙུགས་པ་དང་འབྲེལ། འདི་ལོའི་དམངས་ཕན“དོན་དངོས་བཅུའི”རྣམ་གྲངས་སུ་བཅུག་སྟེ་བསྡོམས་མི་22ལ་ལྗོངས་ཕྱིར་ལས་ཞུགས་ཀྱི་འཚོ་བའི་ཁ་གསབ་དང་སྡོད་ཁང་གི་ཁ་གསབ་སོགས་སྒོར་ཁྲི་14ལྷག་ཙམ་སྤྲད་པ་རེད།

དྲིལ་བསྒྲགས་དང་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཞིང་། ནག་ཆུ་གྲོང་ཁྱེར་གྱིས་ཚགས་པར་དང་། དུས་དེབ། རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་སོགས་ཀྱི་སྨྱན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་དང་ལས་ཞུགས་གཞན་སྒྱུར་གྱི་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་ནས། འབབ་འཕར་དང་ལས་ཞུགས་གཞན་སྒྱུར་གྱི་ཞིང་འབྲོག་པའི་སྔོན་ཐོན་དཔེ་མཚོན་ཁག་གཅིག་དྲིལ་བསྒྲགས་དང་གཟེངས་བསྟོད་ཤུགས་ཆེན་བྱས་ཏེ་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་བ་རེད།