《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月02日

དབུལ་པོའི་གནས་ལས་བསྒྲལ་ནས་འཚོ་བ་གསར་པ་སྐྱེལ་བ།

—— ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འདམ་སྐྱོ་ཐེན་ཅིན་གྲོང་གསར་གྱི་གྲོང་མི་བློ་བཟང་བྱམས་པའི་སྐོར་བཀོད་པ།

བློ་བཟང་བྱམས་པའི་ཁྱིམ་ནི་ཡུལ་གཞན་ནས་གནས་སྤོས་པའི་ཆབ་མདོ་གྲོང་ཁྱེར་ཁ་རུབ་གྲོང་རྡལ་འདམ་སྐྱོ་ཐེན་ཅིན་གྲོང་གསར་དུ་ཡོད།

བློ་བཟང་བྱམས་པའི་ཁང་པ་གསར་པར་སྐྱོད་སྐབས། སྲོལ་རྒྱུན་གྱི་བོད་བཟོའི་ཁང་པའི་ཁྱད་ཆོས་ལྡན་པའི་སྡོད་ཁང་སྒོ་ར་རང་འགྲིག་མ་ཞིག་ང་ཚོའི་མིག་ལམ་དུ་འཆར་ཞིང་། དེ་ནི་གྲོང་ཁྱེར་བ་ཚོས་ཀྱང་རེ་འདོད་བྱེད་པའི“ཁེར་ཆགས་སྤྲོ་ཁང”ཞིག་དང་གཉིས་སུ་མ་མཆིས།

གནད་སྨིན་དབུལ་སྐྱོར་ལས་དོན་མ་སྤེལ་གོང་། བློ་བཟང་བྱམས་པའི་ནང་མི་ལྔ་ཐག་རིང་ལུང་ཁུག་གི་རི་སྟེང་དུ་སྡོད་ཀྱི་ཡོད་ཅིང་། ཆུ་དང་གློག་མེད་པའི་ཁར་འགྲིམ་འགྲུལ་ཡང་སྟབས་བདེ་པོ་མེད། ཁང་པ་ནི་གྲོག་རོང་ནང་གི་ས་འདམ་དང་ཤིང་ལས་བསྐྲུན་པ་དང་། ཆུ་ལྟག་ཆུ་ནས་ལེན་པར་འགྲོ་དགོས་ཀྱི་ཡོད་པས། དགུན་ཁ་འཁྱགས་པ་ཐེབས་རྗེས་འཁྱགས་པ་བླངས་ནས་བཞུར་རྒྱུ་ལས་མ་འདས།

“ཁྱིམ་དུ་ལོ་ན་བགྲེས་པའི་ཨ་མ་དང་། སློབ་གྲྭར་འགྲོ་མུས་ཀྱི་ཕྲུ་གུ་གཉིས་ཡོད་པའི་ཁར། རྨོ་ཞིང་ཉུང་ལ་ལག་རྩལ་ཡང་མི་ཤེས་སྟབས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད” 2016ལོའི་ཟླ་11པའི་ཟླ་མཇུག་ཏུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པའི་བློ་བཟང་བྱམས་པ་གནས་སྤོས་དུད་ཚང་གཞན་དང་མཉམ་དུ་འདམ་སྐྱོའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཏེ་འདམ་སྐྱོ་ཐེན་ཅིན་གྲོང་གསར་དུ་སྤོས།

གནས་སྤོས་དུད་ཚང་ཚང་མ་ཞིང་འབྲོག་པ་ཡིན་པས། འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བྱུང་བས། འཚོ་ཐབས་ཇི་ལྟར་བྱེད་པ་དང་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་ཇི་ལྟར་གཏོང་དགོས་སམ་ཞེ་ན།

2016ལོར་བློ་བཟང་བྱམས་པ་ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་ལ་ཞུགས་པ་རེད། འཕྲུལ་སྒུལ་འཁོར་རིགས་གཏོང་ཆོག་པའི་ཁ་ལོ་བའི་ལག་ཁྱེར་རག་པ་མ་ཟད། གྲོང་ཚོ་མཉམ་སྡེབ་ཀྱི་རླངས་འཁོར་སྐྱེལ་འདྲེན་རུ་ཁག་ལའང་ཞུགས་ཡོད། ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དེ་བཞིན་ཆབ་མདོ་ནས་ལྕགས་ཁ་གྲོང་ཚོ་བར་གྱི་མྱུར་བགྲོད་བགྲོད་ལམ་འཛུགས་སྐྲུན་ལ་བརྟེན་པས་འདམ་སྐྱོ་གྲོང་ཚོའི་རླངས་འཁོར་སྐྱེལ་འདྲེན་རུ་ཁག་ལ་ལས་ཀ་བྱེད་རྒྱུ་བྱུང་ཡོད།

རླངས་འཁོར་གཏོང་བ་དང་ཆབས་ཅིག་བློ་བཟང་བྱམས་པས་བྱ་དངོས་གསར་པ་མང་པོ་དང་འབྲེལ་འདྲིས་བྱས་པ་དང་། དེའི་ཁར་ཁ་རུབ་གྲོང་རྡལ་སྲིད་གཞུང་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་སློབ་གསོ་ཁྲིད་སྟོན་འོག་ཁོང་གིས་བསམ་བློའི་ལྟ་བར་རིམ་བཞིན་འགྱུར་ལྡོག་བྱུང་སྟེ་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པའི་འདུན་པ་དེ་བས་ཆེ་རུ་ཕྱིན།

ལོ་3ལྷག་ཙམ་སོང་རྗེས་བློ་བཟང་བྱམས་པ་ད་ལྟའི་འཚོ་བའི་ཁོར་ཡུག་དང་འཕྲོད་ཅིང་། ཁོང་ལ་འཇིབ་ཆུང་ཞིག་དང་། ཚོང་ལས་རླངས་འཁོར་ཞིག་ཡོད་པ་དང་། མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་ནས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པར་གྱུར་ཡོད། “ད་ཆ་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་ནས་འབྱུང་འགྱུར་གྱི་འཚོ་བར་དེ་བས་ཡིད་ཆེས་ཆེན་པོ་ཡོད”ཅེས་བློ་བཟང་བྱམས་པས་བརྗོད།