《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月02日

ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱེད། མཐའ་མའི་རྒྱལ་ཁ་ཕུ་ཐག་གཅོད།

—— ལྷོ་ཁ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྐོར་བཀོད་པ།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་མཛད་ཇུས་ལག་བསྟར་དང་དོན་འཁྱོལ་ནན་ཏན། “ཁག་གཅིག་རེ་ལྔ”ཡི་དབུལ་སྒྲོལ་བྱེད་ཐབས་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་16983གྱི་མི་53380“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མཐའ་ཚད་ཀྱི་ཚད་གཞི་ལོན་པ་དང་། དབུལ་པོ་གཅིག་ཀྱང་མི་ལུས་པ་དང་། དབུལ་པོ་དབུལ་རྐྱང་མི་ལྷག་པའི་དམིགས་ཚད་མངོན་འགྱུར་བྱས་ཏེ་ཚད་ལོན་པའི་རྒྱུགས་ལན་ཞིག་ཕུལ་བ་རེད།

གནད་སྨིན་ཇུས་འདོན་གྱིས་མི་གཅིག་ཀྱང་མ་ལུས་པར་བྱས་པ།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་དང་། བྱེད་པོའི་འགན་འཁྲི། ལྟ་འདོམས་ཀྱི་འགན་འཁྲི་བཅས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ། དུད་ཚང་ལ་ཐབས་ཇུས་གཅིག་དང་མི་གཅིག་ལ་བྱེད་ཐབས་གཅིག་མཐའ་འཁྱོངས་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་སྟེ་དབུལ་སྒྲོལ་གྱི་ལམ་དུ་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ཧྥུ་ཁྲེང་ཚུང་གིས་གསར་འགོད་པར་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་དབུལ་སྒྲོལ་ལ་རོགས་རམ་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཁེ་ཕན་མཉམ་སྦྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མི་འབོར་དབུལ་པོའི་དབུལ་སྒྲོལ་ལ་རོགས་རམ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་སྐུལ་འདེད་བརྟན་པོ་བཏང་ནས་མང་ཚོགས་དབུལ་པོ་རི་ཁུག་ནས་གནས་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་བར་སློབ་གསོ་ཁྲིད་སྟོན། སྣོད་བཅུད་དབུལ་སྐྱོར་ལག་བསྟར་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱི་ཁྱིམ་གཞིས་མཛེས་སུ་བཏང་བ་དང་ཆབས་ཅིག་འབབ་འཕར་ལ་ཡང་སྣེ་ཁྲིད་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་2019ལོའི་ཟླ་11བར་ལྷོ་ཁ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ལྷག་མ་དུད་ཚང་262ཀྱི་མི་675ཚང་མ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མཐའ་ཚད་ཀྱི་ཚད་གཞི་ལོན་ནས་དབུལ་སྒྲོལ་བྱུང་སྟེ་མ་ལག་ནང་ཐོ་འགོད་བྱས་ཤིང་། དབུལ་པོ་ཐོན་ཚད་དེ་19.3%ནས་དབུལ་པོ་མེད་པའི་བར་ཆག་ནས་དབུལ་པོ་དབུལ་རྐྱང་མི་ལྷག་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་རེད།

ཞན་ཆ་བསལ་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་པ།

“ཐོན་ལས་དར་རྒྱས་དང་། སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་པོ”བཅས་ཀྱི་བླང་བྱ་གཞིར་བཟུང་བརྟག་ཞིབ་མཐིལ་རྟོགས་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཇུས་གཞི་ཞིབ་ཚགས་བཟོས་པ་དང་། མ་དངུལ་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་འཆར་འགོད་རྣམ་གྲངས་སྔ་ཙམ་བསྐྲུན་པ་དང་སྔ་ཙམ་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་སྒོར་དུང་ཕྱུར་15.1དོན་འཁྱོལ་དང་སྤྱི་འདོམས་བསྡུ་སྒྲིལ་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1442ལ་དབུལ་སྐྱོར་འབོར་ཆུང་གི་ཡིན་རྟོན་དངུལ་བུན་སྒོར་ཁྲི་6956.2དོན་འཁྱོལ་བྱས་ཏེ་མང་ཚོགས་དབུལ་པོ་མང་པོ་ཞིག་གི“ལས་ཞུགས་ཀྱི་ཕུཌ་འདུན”དང“ལས་གཏོད་ཀྱི་ཕུཌ་འདུན”མངོན་འགྱུར་བྱུང་བ་རེད།

གཞན་ཡང་གྲོང་ཁྱེར་དེས་སྲ་བརྟན་མཐོར་གཏོང་དང་ནང་སྐྱེས་སྒུལ་ཤུགས་རྒྱུན་མཐུད་འཕེལ་བ་དང་། “ཏང་གི་བཀའ་དྲིན་དྲན་པ་དང་ཕྱུག་པོ་ཆགས་ཐབས་བྱེད་པ། དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་དུད་ཚང་ཚང་མར་ཁྱབ་པ” “ཏང་གི་བཀའ་དྲིན་དྲན་པ་དང་རང་སྟོབས་རང་འཕེལ་གྱིས་འབད་འབུངས་ལྷོད་མེད་བྱེད་པ”“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”སོགས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་སྤེལ་བ་རེད། 2019ལོར་ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ཐེངས་ཁྲི་6.9སྒྲོག་འགྲེལ་བྱས་ནས་མང་ཚོགས་ཁྲི་560.28ལ་སློབ་གསོ་ཐེབས་པ་རེད། དབུལ་སྐྱོར་ལས་མིའི་མཉམ་འབྲེལ་རུ་ཁག་བསྡུ་སྒྲིལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འགྲན་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་བ་དང་དབུལ་སྐྱོར་ལས་མིའི་མཉམ་འབྲེལ་རུ་ཁག་629ཚད་ལྡན་བཙུགས་ཏེ་མི་32201ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་3.75ཟིན་པ་རེད།

འགན་བཅོལ་ལ་ཤུགས་སྣོན་བརྒྱབ་སྟེ་དམངས་འཚོ་ལེགས་སུ་བཏང་བ།

“ན་ནིང་ཚུན་དུ་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་ལ་མཐའ་འཁྱོངས་དམིགས་ཏེ་ཐ་སྐྱོང་འགན་བཅོལ་ལམ་སྲོལ་གནད་སྨིན་དོན་འཁྱོལ་བྱས་ཡོད”ཅེས་ཧྥུ་ཁྲེང་ཚུང་གིས་གསར་འགོད་པར་བརྗོད། མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་4.7བཏང་ནས་མཐའ་མཚམས་མང་ཚོགས་དང་། གད་པ། མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ། འགན་ལེན་ལྔའི་བགྲེས་སོང་སོགས་ལ་ཁ་གསབ་རོགས་སྐྱོར་ཁག་26དོན་འཁྱོལ་བྱས་པ་རེད། འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ། གྲངས་འབོར་ཆེ་བའི་སྨན་བཅོས་ཁ་གསབ་འགན་བཅོལ། གྲོང་ཁྱེར་དང་གྲོང་གསེབ་སྨན་བཅོས་རོགས་སྐྱོབ་དང་ཚབས་ཆེའི་ནད་ཡམས་སྨན་བཅོས་རོགས་སྐྱོབ་བཅས་ཡོངས་ཁྱབ་བྱུང་བ་རེད།

ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ན་ནིང་མཐོ་གྲང་ས་ཁུལ་གྱི་ཞིང་འབྲོག་པའི་བུ་ཕྲུག་གི་གཅིག་སྡུད་སློབ་གཉེར་ལ་དམིགས་པའི་རྩེད་ཐང་ཆ་ཚང་སློབ་འབྲིང་བཙུགས་པ་དང་འབྲེལ་སློབ་བསྡུ་ལེགས་སྒྲུབ་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་སློབ་གསོའི་ཐད་ཀྱི་བློ་ཡིད་ཚིམ་ཚད་ཆེ་རུ་ཕྱིན་པ་རེད། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་དུ་ཕྲུ་གུ་སློབ་གྲྭར་བཏང་བ་ལས་དབུལ་པོར་གྱུར་པ་དང་དབུལ་པོ་བསྐྱར་ལོག་ཐེབས་པ་གཅིག་ཀྱང་མེད་ལ། དབུལ་པོས་རྐྱེན་པས་སློབ་མཚམས་ཆད་མཁན་ཡང་གཅིག་ཀྱང་མེད་པ་རེད།