《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月01日

དཔྱིད་དཔལ་རབ་ཏུ་བཞད། མེ་ཏོག་སྣ་བརྒྱ་མཛེས།

—— རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55ཡི་རིང་གི་རང་ལྗོངས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་ཤུགས་ཆེན་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་ཤུགས་ཆེན་བཏང་བས། བོད་ཀྱི་རིག་གནས་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་བྱུང་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྔར་བས་ཕུན་སུམ་ཚོགས་པའི་རིག་གནས་འཚོ་བ་ལོངས་སྤྱོད་ཐུབ་ཅིང་། སྐྱིད་སྣང་དང་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་ཡོད།

རིག་གནས་ཐོན་ལས་གཉེར་བས་མི་སེར་ཕྱུག་པོ་ཆགས་པ།

འདི་ལོའི་ཟླ་6ཚེས་1ཉིན་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཚེ་མཆོག་གླིང་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དུ་རེས་སྐོར་གསར་པའི་འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད། དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》ཡིས་བོད་ཀྱི་ལོ་རྒྱུས་རིག་གནས་ནང་དོན་དུ་བྱས་ཏེ། རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པ་བརྗོད་དོན་གཙོ་བོར་བྱས་པ་དང་རྒྱ་བོད་མི་རིགས་ཀྱི་རིག་གནས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཕན་ཚུན་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་གཏམ་རྒྱུད་གཙོ་རྐང་དུ་བྱས་ཏེ། རྒྱ་བོད་ལོ་རྒྱུས་རིག་གནས་དང་། མི་རིགས་གོམས་སྲོལ། རང་བྱུང་མཛེས་ལྗོངས་བཅས་མངོན་པར་བྱས་ཡོད། 2013ལོར་འཁྲབ་སྟོན་བྱེད་འགོ་ཚུགས་ཚུན་རིམ་རྩིས་བྱས་ན་འཁྲབ་སྟོན་ཐེངས་1200ལྷག་ཙམ་བྱས་པ་དང་འཁྲབ་སྟོན་པ་800ལྷག་ཙམ་ཡོད་པ་ལས། 95%ཡན་ནི་ས་གནས་དེ་གའི་བོད་རིགས་མང་ཚོགས་རེད།

ལོ་28ལ་སླེབས་པའི་ལྷག་པ་ཚེ་རིང་ནི་ལོ་བདུན་བསྟུད་མར་འཁྲབ་སྟོན་བྱེད་མཁན་འཁྲབ་སྟོན་པ་རྙིང་པ་ཞིག་ཡིན་པ་དང་། ཟློས་གར་ནང་མི་སྣ་མི་འདྲ་བ་7འཁྲབ་ཀྱི་ཡོད། “ཟློས་གར་ཁང་དུ་འཁྲབ་སྟོན་བྱེད་སྐབས་ང་ལ་ཟླ་རེར་ཡོང་འབབ་སྒོར་6000ཙམ་རག་གི་འདུག ང་རང་གིས་ཕྱེད་ཀ་ཉར་བ་དང་། ཕྱེད་ཀ་ཁྱིམ་དུ་བསྐུར་ནས་གཅུང་པོ་དང་གཅུང་མོར་སློབ་ཡོན་བྱེད་ཀྱི་ཡོད”

《འུན་ཤིང་ཀོང་ཇོའི》རྣམ་གྲངས་ནི་རང་ལྗོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55ཡི་རིང་། རིག་གནས་ཐོན་ལས་ཀྱི་འཁྲབ་སྟོན་རྣམ་གྲངས་ཁག་གཅིག་ལ་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཐོན་ནས་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་གྱུར་ཡོད།

རང་སྐྱོང་ལྗོངས་རིག་གནས་ཐིང་ཐོན་ལས་འཕེལ་རྒྱས་དང་ཐོན་ཁུངས་གསར་སྤེལ་ཁྲུའི་ཁྲུའུ་ཀྲང་ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་དུ་རིག་གནས་ཐོན་ལས་དཔེ་སྟོན་གླིང་ཁུལ(རྟེན་གཞི)རིམ་བཞིའི་མིང་གཞུང་མ་ལག་ཆགས་ཤིང་། དེའི་ནང་རྒྱལ་ཁབ་རིམ་པའི་ཁེ་ལས་3དང་། རང་སྐྱོང་ལྗོངས་རིམ་པའི་ཁེ་ལས་70 གྲོང་ཁྱེར་རིམ་པའི་ཁེ་ལས་89 རྫོང(ཆུས)རིམ་པའི་ཁེ་ལས་72བཅས་ཡོད། ཁྱབ་ཁོངས་སུ་རིག་གནས་ཡུལ་སྐོར་ལས་རིགས་དང་། འཁྲབ་སྟོན་རོལ་རྩེད་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཚུད་ཡོད།

རྩ་བ་བརྟན་སྲུང་དང་དྲང་སྲུང་གསར་གཏོད་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསོན་ཉམས་དོད་དུ་བཏང་བ།

2019ལོའི་ཟླ་6ཚེས་8ཉིན། “རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”ཉིན་དེར་རྣམ་པ་གསར་རྐྱང་གི་ལྷ་མོའི་འཁྲབ་སྟོན་ཞིག་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པར་འཁྲབ་པ་རེད། གཞིས་རྩེ་དང་། ལྷོ་ཁ། ལྷ་ས་སོགས་འབག་དཀར་སྔོན་གཞུང་གི་སྒྱུ་རྩལ་ཚོགས་པ་དང་དེ་བཞིན་རང་སྐྱོང་ལྗོངས་ལྷ་མོ་ཚོཌ་པས་འཁྲབ་གཞུང་མང་པོ་འཁྲབ་སྟོན་བྱས་ཤིང་། དེའི་ནང་ཉེ་བའི་ལོ་བཅུའི་རིང་གི་ལྷ་མོའི་འཕེལ་རྒྱས་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གཅིག་སྡུད་མངོན་ཡོད།

2009ལོར་ལྷ་མོ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་དངོས་སུ་བཅུག་པ་རེད། ལོ་ངོ་བཅུ་ལྷག་ཙམ་གྱི་རིང་། རང་ལྗོངས་ཀྱི་ལྷ་མོའི་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས། གསར་གཏོད་བཅས་ལ་བྱ་འཕུར་བ་ལྟར་གོང་འཕེལ་སོང་བ་དང་ལྗོངས་ཡོངས་ཀྱི་ལྷ་མོ་ཚོགས་པ་ཡང་དེ་སྔའི་གྲངས་50ཙམ་ནས་མིག་སྔའི་དམངས་ཁྲོད་ལྷ་མོ་རུ་ཁག་153བར་འཕེལ་རྒྱས་ཕྱིན་པ་དང་། ལས་མི་3000ཙམ་ཡོད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་5000ཙམ་བཏང་ནས་དམངས་ཁྲོད་ལྷ་མོ་སྲུང་སྐྱོང་དང་རྒྱུན་འཛིན་ཐད་སྤྱད་པ་དང་། མ་དངུལ་སྒོར་ཁྲི་2400བཏང་ནས་སྲུང་སྐྱོང་བེད་སྤྱོད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱད་ཡོད་པ་རེད།

རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་དར་སྤེལ་བཏང་བ་སྟེ། 《ཀྲུང་གོའི་ཟློས་གར་གྱི་ལོ་རྒྱུས། བོད་ལྗོངས་ཀྱི་བམ་པོ》དང་། 《ཀྲུང་གོའི་དམངས་ཁྲོད་གླུ་གཞས་ཕྱོགས་བསྒྲིགས། བོད་ལྗོངས་ཀྱི་བམ་པོ》《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་གཞུང་གི་དཀར་ཆག་གནད་བསྡུས། མོན་པ་རིགས་དང་ལྷོ་པ་རིགས་ཀྱི་བམ་པོ》བཅས་ལེགས་སྒྲིག་དཔེ་སྐྲུན་ཟིན་གྲབས་ཡོད་པ་དང་། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་50ལྷག་ཙམ་བཏང་ནས་བོད་ཀྱི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་ཚན་པ་55དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པ་616སྲུང་སྐྱོང་དང་འཛུགས་སྐྲུན་བྱས་པ། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་བོད་ཀྱི་ལོ་གསར་དང་། འོང་སྐོར། ཞོ་སྟོན། ཁུར་པན་སོགས་སྲོལ་རྒྱུན་གྱི་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་དང་དེ་བཞིན་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་སོར་འཇོག་དང་རྒྱུན་འཛིན་ཐུབ་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དུས་རབས་གསར་པར་རྒྱུན་ཆད་མེད་པར་སྐྱེ་སྟོབས་གསར་པ་རྒྱས་བཞིན་ཡོད།

རིག་གནས་དམངས་ཕན་གྱིས་ཤེས་དཔལ་གྱི་དར་སྲོལ་གསར་པ་བཏོད་པ།

ཉིང་ཁྲི་གྲོང་ཁྱེར་སྨན་རི་ཤང་དུ་གནས་པའི་སད་སྒོ་རྭ་གྲོང་ཚོ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་རེད། 2013ལོ་ནས་2015ལོ་བར་གྲོང་ཚོས་རྣམ་གྲངས་རེ་ཞུ་ཧུར་ཐག་བྱས་ནས་བོད་བྱ་གསོ་ཚགས་མཉམ་ལས་ཁང་དང་། ལུག་ར། ཉིང་ཁྲི་གྲོང་ཁྱེར་ཞིང་སྤེལ་དབུལ་སྐྱོར་སྟར་ཁ་འདེབས་འཛུགས། ཀུ་ཤུ་འདེབས་འཛུགས་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་བརྒྱུད་གྲོང་མི་ཚོའི་དངུལ་ཁུག་རིམ་བཞིན་ལྗིད་ཏིག་ཏིག་ཏུ་ཕྱིན་ཡོད་པ་རེད།

རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་རིག་གནས་ལ་བརྟེན་ནས་མི་གསར་གསོ་སྐྱོང་དང་སྲོལ་གསར་གཏོད་པ་གལ་ཆེའི་གནས་བབ་ཏུ་བཞག་པ་དང་། ལྗོངས་ཡོངས་ཀྱི་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ། རིག་གནས་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་པ་བཅས་བརྒྱུད། སྤྱི་པའི་རིག་གནས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ཡོད། 2019ལོ་ཁོ་ནར་རང་ལྗོངས་ཀྱིས་ཀྲུང་དབྱང་གིས་ས་གནས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བཏང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.19དོན་འཁྱོལ་བྱས་ཡོད་པ་རེད།

རང་སྐྱོང་ལྗོངས་རིག་གནས་ཐིང་སྤྱི་པའི་རིག་གནས་ཁྲུའི་ཁྲུའུ་ཀྲང་མིག་དམར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2019ལོ་ནས་བཟུང་རང་ལྗོངས་ཀྱིས་རིམ་ཁག་སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ་རིན་མེད་ངང་སྒོ་མོ་འབྱེད་པར་སྤྱོད་པའི་མ་དངུལ་སྒོར་ཁྲི་5656དོན་འཁྱོལ་བྱས་ཡོད། བྱེད་སྒོ་སྤེལ་ཐེངས་ཁྲི་2ལྷག་ཙམ་ཟིན་ནས་མང་ཚོགས་མི་ཐེངས་ཁྲི་200ཙམ་ལ་ཕན་པ་ཐོབ་པ་རེད།

མིག་སྔར་རང་ལྗོངས་སུ་ཆུས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་རྒྱ་བསྐྲུན་ཟིན་པ་དང་། ས་གནས་དང་གྲོང་ཁྱེར་ཁག་ཏུ་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། དངོས་མང་བཤམས་སྟོན་ཁང་བཅས་ཡོད་པ་དང་། རྫོང་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཡོད་པ། ཤང་ཚང་མར་ཕྱོགས་བསྡུས་རིག་གནས་ས་ཚིགས་ཡོད་པ། རྫོང(ཆུས)གི་སྒྱུ་རྩལ་ཚོགས་པ་53%ལ་ནང་སྦྱོང་བྱེད་ས་ཡོད་པ་དང་། རྫོང(ཆུས)གི་སྒྱུ་རྩལ་ཚོགས་པ་76དང་ལས་ཞོར་རིག་རྩལ་འཁྲབ་སྟོན་རུ་ཁག་2400ལྷག་ཙམ་འཛུགས་རོགས་བྱས་པ་རེད། ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་རིག་རྩལ་ཚོགས་པས་ལོ་ལྟར་གཞི་རིམ་དུ་འཚམས་འདྲིའི་འཁྲབ་སྟོན་ཐེངས་8000ལྷག་ཙམ་བྱེད་ཀྱི་ཡོད་པ་རེད།

དཔྱིད་དཔལ་རབ་ཏུ་བཞད། མེ་ཏོག་སྣ་བརྒྱ་མཛེས། ལོ་55ཡི་རིང་དཀའ་སྤྱད་འབད་བརྩོན་བརྒྱུད་ད་ཆ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་སྐྱོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་སྤེལ་བ། རིག་གནས་ཀྱིས་དམངས་སེམས་གསོ་བ་དང་དར་སྲོལ་གསར་པ་གསོ་སྐྱོང་བྱེད་པའི་ནུས་པ་གང་ལེགས་མཚོན་བཞིན་ཡོད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད་པ་རེད།

(བདེ་དབང་དང་ཚེ་ཁོས་སྒྱུར་ཞུས་བྱས)