《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月01日

དུས་བསྟུན་འཕེལ་རྒྱས་ཀྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

—— རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་དཔྱད་གཏམ་བཅུ་པ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

འཚོགས་མ་ཐག་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་འབྲེལ། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ། ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་ཡོད། གསུང་བཤད་ནང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་མཛུབ་ཁྲིད་དགོངས་པ་འཆད་འགྲེལ་གཏིང་ཟབ་གནང་ནས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་དང་། མཛད་ཕྱོགས་སྲིད་ཇུས། འཐབ་ཇུས་བྱ་ཐབས་བཅས་གསལ་སྟོན་གནང་ཡོད། འདི་ནི་དུས་རབས་གསར་པའི་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས། དུས་རབས་གསར་པའི་བོད་ཀྱི་ལས་དོན་ལེགས་པར་སྒྲུབ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

ཡར་ཀླུང་གཙང་པོ་ཆད་མེད་དྲག་ཏུ་རྒྱུགས་ནས། ངོ་མཚར་ཆེ་བའི་ས་གཞི་འདི་བརླན་པར་བྱས། རི་བོ་ཧི་མ་ལ་ཡ་འགྱིང་ངེར་གནས་ནས། འགྱུར་ལྡོག་ཧ་ཅང་ཆེན་པོར་དཔང་པོ་བྱེད། ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར་བརྒྱུད་པ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55སོང་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། བོད་ལྗོངས་རྒྱལ་ཡོངས་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་ཡོད།

བློ་བརྟན་འགྱུར་མེད་ཀྱིས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ་བཅས་བྱེད་དགོས། ང་ཚོས་དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་ལྟར་ཟབ་པའི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་སྲོག་ཤིང་གི་གནས་བབ་སེམས་ལ་བརྟན་པོ་འཆང་བ་དང་། སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ་བཅས་མཐའ་གཅིག་ཏུ་བྱེད་པ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགྱུར་མེད་ཀྱི་དད་སེམས་དང་རང་རྟོགས་ཀྱི་བྱ་སྤྱོད་ལ་འགྱུར་བ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དེའི་ནང་འདུས་པའི་ཤུགས་ཆེའི་བདེན་དོན་གྱི་སྟོབས་ཤུགས་དང་། དགོངས་པའི་སྟོབས་ཤུགས། ལག་ལེན་གྱི་སྟོབས་ཤུགས་བཅས་ལ་སློབ་སྦྱོང་དང་གོ་བ་བླངས་ཏེ། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) རླབས་ཆེན་གྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་དངོས་འབྲེལ་བྱེད་དགོས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དྲིན་ཚོར་མདུན་སྐྱོད་ཀྱི་སྟོབས་ཤུགས་ཧ་ཅང་ཆེན་པོ་འཕེལ་བར་བྱས་ནས། མི་དམངས་ཀྱི་གཙོ་འཛིན་ལ་བཅངས་པའི་དགའ་གུས་ཀྱི་བསམ་པ་དང་། ཏང་དང་མེས་རྒྱལ་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་དེ་རྒྱུན་ཆད་མེད་པར་ཞུམ་མེད་མདུན་སྐྱོད་ཀྱི་ནང་སྐྱེས་སྒུལ་ཤུགས་སུ་འགྱུར་བ་བྱེད་པ་དང་། ལས་དོན་ཏན་ཏིག་སྒྲུབ་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་དྲིན་ཚོར་གྱི་བསམ་པ་མངོན་པར་བྱེད་པ། འགན་འཁྲི་འཁུར་ཕོད་པ་བྱེད་རྒྱུ་དེ་གྲུབ་འབྲས་དངོས་ལ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་བ། ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་བྱ་སྤྱོད་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུགས་མཚོན་པ་བཅས་བྱེད་དགོས།

བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ང་ཚོས་བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས། རང་འགུལ་ངང་འགན་འཁྲི་འཁུར་ཕོད་པ་བྱེད་པ་དང་། བློ་རྩ་བརྟན་པོས་གསར་འབྱེད་ཡར་བརྩོན་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམ་འཛིན་ཡག་པོ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། “བརྟན་པོ་དྲུག”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་དེ་ལས་ཀའི་ཐབས་ཤེས་ལ་བརྩི་བ། “ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་གཏོང་རྒྱུར་དམིགས་པ། དམིགས་ཚད་ཀྱི་ཁྲིད་སྟོན་དང་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱེད་པ། གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ནས། ཉམས་ཉེན་ཁྲོད་གོ་སྐབས་གསར་པ་འཚོལ་བ་དང་། འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་སྒྲེང་བ། རང་ལྗོངས་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་པའི་དོན་དངོས་ལ་གཞི་ཚུགས་པ། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། མཐའ་ཚད་ཀྱི་བསམ་གཞིག་འཛུགས་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། མ་བྱུང་སྔོན་འགོག་རྩ་དོན་ལ་བརྩིས་ནས་ལས་དོན་སྒྲུབ་པ་དང་། གནས་དོན་ཆེན་པོ་མི་ཐོན་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ། ཀྲུང་དབྱང་གིས་ཏཱ་ལའི་རུ་ཚོགས་ལ་འཛིན་པའི་འཐབ་རྩོད་ཀྱི་མཛད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། བྱེད་ཐབས་དོན་འཁྱོལ་བྱས་ནས་བརྟན་ལྷིང་འགན་ལེན་བཅས་བྱེད་དགོས། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་བྱེད་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། ས་མཐོའི་རི་སྐྱེས་སྲོག་ཆགས་དང་། རྩྭ་དང་རྩི་ཤིང་། རི་ཆུ་མང་པོ་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་བྱས་ནས། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད། ཐ་ན་འཛམ་གླིང་ཐོག་གི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་དགོས། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་། སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཕྱོགས་ཡོངས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱར་གཞིགས་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། “སྲུང་སྐྱོང་གཉིས”ཀྱི་ཚད་གཞི་དང་ཡང་ཡང་བསྡུར་བ། ཏང་འཛུགས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ཏེ། ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་བརྟན་དུ་གཏོང་དགོས།

བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྔར་ནས་ད་བར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། ཏང་གི་འགོ་ཁྲིད་ལ་བརྩི་བཀུར། ཏང་གི་སྲོག་ཤིང་ལ་བརྩི་བཀུར་བཅས་བྱེད་པའི་གཟི་བརྗིད་སྲོལ་རྒྱུན་ལྡན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། དུས་རབས་གསར་པའི་རླབས་ཆེན་མེས་རྒྱལ་དུ་འཚོ་བ་སྐྱེལ་བའི་སྐྱིད་སྣང་དང་སྤོབས་སེམས་ཆེ་རུ་བཏང་སྟེ། སེམས་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། ཏང་གི་བཀའ་དྲིན་ནམ་ཡང་བློ་ལ་བརྟན་པོར་ངེས་ཏེ། མི་དམངས་ཀྱི་གཙོ་འཛིན་གྱི་མཚོ་ལྟར་ཟབ་པའི་བཀའ་དྲིན་དང་དམངས་ཆེད་བརྩེ་སེམས་ཟབ་མོ་ཚོར་བ་དང་། ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སེམས་ལ་བརྟན་པོར་ཟུག་པ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་ཏང་གི་སྲོག་ཤིང་ལ་ལྷག་བསམ་རྣམ་དག་བྱས་ཏེ། དྲིན་ཚོར་གྱི་བསམ་པ་དེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་དགོས།

ལོ་55ཡི་རིང་དཀའ་ངལ་སྣ་ཚོགས་ཁྲོད་མདུན་དུ་བསྐྱོད། ལོ་55ཡི་རིང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་། དགུན་ཁའི་གྲང་ངར་མྱོང་མཁན་གྱིས། ཉི་མའི་དྲོ་སྐྱིད་ལྷག་པར་ཚོར། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མནར་གཅོད་དྲག་པོ་མྱངས་མྱོང་བའི་ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་བོད་ལྗོངས་གསར་པའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲད་ལྡབ་བརྒྱ་བྱེད་ཀྱི་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་ལེན་ནན་ཏན་བསྟར་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

(པ་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)