《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月31日

བོད་བྱང་ཐང་འབྲོག་ལས་ཀྱི་གྲུབ་འབྲས་ཐོབ་པའི་འཚོལ་ཞིབ།

འདི་ནི་དགའ་བདེ་རྟེན་གཞིའི་གསོ་ཚགས་ར་བ་ཡིན་པ།

ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡོད་པའི་གསེར་རྙེད་ཆུས་ནི་མཐོ་གྲང་ཁུལ་གྱི་འབྲོག་ལས་རྐྱང་པའི་རྫོང་ཞིག་རེད་ལ། ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་ཀྱང་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། གསེར་རྙེད་ཆུས་ཀྱིས་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་དམིགས་པ་དང་། འབྲོག་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་དམིགས་ནས། དགའ་བདེ་སྣོད་བཅུད་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། “ཁྱད་ལྡན་ལ་ཁྱད་ཆོས་མེད་པ”དང“ལེགས་ལྡན་ལ་ལེགས་ཆ་མེད་པའི”འཕེལ་རྒྱས་ཀྱི་དཀའ་གནད་བསལ་ནས་རྩྭ་ཐང་གི་འབྲོག་ལས་ཁྲོམ་ར་ཅན་དང་། ཐོན་ལས་ཅན། གཞི་ཁྱོན་ཅན་བཅས་ཀྱི་ལམ་བུའི་ཐོག་གྲུབ་འབྲས་ཐོབ་པའི་འཚོལ་ཞིབ་བྱས་ཡོད།

འོན་ཀྱང་དེའི་ཕྱོགས་སུ་སྐྱོད་སྐབས་གསེར་རྙེད་ཆུས་ཀྱི་ལྟ་བར་གས་འགྱུར་དང་བསམ་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་རེ་རེ་བཞིན་བྱུང་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

གང་ཞིག་འཕེལ་རྒྱས་གཏོང་དགོས་པ་སྟེ། “ཤ”དང“འོ་མ”གང་ཞིག་འཕེལ་རྒྱས་གཏོང་དགོས་སམ།

“བྱང་ཐང་ས་མཐོའི་འབྲི་གཡག་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་གིས་འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་70%ཡན་བཟུང་བ་དང་། འབྲོག་པའི་ཡོང་འབབ་ནས་60%ཡན་ནི་འབྲི་གཡག་ཐོན་ལས་ལས་བྱུང་བ་ཞིག་རེད”ཀྲུང་གོ་བཟོ་སྐྲུན་ཁང་གིས་གཙོ་གནད་བློ་འདྲིའི་རྣམ་གྲངས་བཙུགས་ནས་བྱང་ཐང་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཆེད་མངགས་ཞིབ་འཇུག་བྱས་ཡོད། 2017ལོའི་མཇུག་འགྲིལ་གྱི་ཞིབ་བཤེར་རྩིས་ལེན་སྙན་ཞུའི་ནང་བསྟན་དོན། འབྲི་གཡག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དེ་ནི་བྱང་ཐང་ས་མཐོའི་འབྲོག་པའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། བྱང་ཐང་ས་མཐོའི་སྣོད་བཅུད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གནད་སྨིན་དབུལ་སྒྲོལ་ཐུབ་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

གསེར་རྙེད་ཆུས་ལ་བེད་སྤྱོད་ཆོག་པའི་རྩྭ་ཐང་མུའུ་ཁྲི་1894.89ཡོད་པ་དང་། 2019ལོར་ཕྱུགས་རིགས་མགོ་གྲངས་ཁྲི་70ལྷག་ཙམ་ཡོད་པའི་ནང་འབྲི་གཡག་མགོ་གྲངས་ཁྲི་40ལྷག་ཙམ་ཡོད་པས། “ཀྲུང་གོའི་འབྲི་གཡག་གི་ཕ་ཡུལ”ཞེས་པའི་མཚན་སྙན་གྲགས་ཡོད།

འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏོང་བའི་གཏན་འཁེལ་རང་བཞིན་ལ་དོགས་པ་ཟ་དགོས་མེད་པ་སྟེ། མིག་མདུན་གྱི་ལྤགས་པ་དང་། ཁུ་ལུ། རྩིད་པ། འོ་མ། རུས་པ་བཅས་ཐོན་རྫས་སྣ་ཚོགས་བེད་སྤྱོད་ཐུབ་ཀྱི་ཡོད། འོན་ཀྱང“བསམ་ཚུལ་དེ་བྱ་ཐབས་སུ་གྱུར་པ་དང་། ཐབས་ཤེས་དེ་གསེར་དངུལ་ལ་གྱུར་པ”བྱས་ནས་མི་མངོན་པའི་ལེགས་ཆ་འདོན་སྤེལ་ཐུབ་མིན་ནི་སྐད་ཆ་ཚིག་གཅིག་གིས་ཐག་ཆོད་པའི་བྱ་བ་ཞིག་གཏན་ནས་མིན།

“ཁྱེད་གཞུང་ལམ་རྒྱུད་དུ་ཐེངས་ཤིག་སོང་ན། ཞོ་དང་ལ་ལ་སོགས་དཀར་ཆུའི་ཐོན་རྫས་ཚོང་མཁན་མང་པོ་ཞིག་མཐོང་རྒྱུ་ཡོད། གནས་ཚུལ་དེས་གང་ཞིག་གསལ་བཤད་བྱེད་དམ”ལོ་བདུན་བརྒྱད་ཀྱི་གོང་དུ་གསར་འགོད་པས་ནག་ཆུར་བཅར་འདྲི་བྱེད་སྐབས་ལྷོ་མ་གྲོང་རྡལ་གྱི་འབྲོག་པ་བུ་ནོར་བུས་གསར་འགོད་པར་དེ་ལྟར་དྲིས་བྱུང་། སྔོན་ཆད་འབྲོག་པར“བཤས་གཏོང་དང་ཕྱིར་ཚོང་ལ་གཅེས་སྤྲས་བྱེད་པའི”སྣང་ཚུལ་ཡང་ཡང་ཐོན་ནས་ཕྱུགས་རིགས་གསོ་བ་དང་ཕྱུགས་རིགས་འཚོང་བའི་དབར་འགལ་ཟླ་ཞིག་ལ་གྱུར་ཡོད། འཕེལ་རྒྱས་ཀྱི་འགྱུར་ཁུག་དེ་འབྲོག་ར་དང་ཁྲོམ་རའི་དབར་གྲགས་པ་དང་བསྟུན་ནས། སྲིད་གཞུང་གི་ཁྲིད་སྟོན་འོག་འབྲོག་པ་ཚོས་ཁྲོམ་རའི་འགྱུར་ལྡོག་ལ་འཚམ་གང་ཐུབ་བྱས་ནས་གསོ་ཚགས་དང་བྲིན་ཚོང་དང་། འོ་མ་དང་ཤ་འདེམས་པའི་ཁྲོད་འདུ་ཤེས་གསར་བརྗེས་བྱུང་བ་དང་འབྲེལ་དངོས་ཡོད་ཀྱི་ཐབས་ལམ་ཞིག་ཀྱང་རྙེད་པ་སྟེ། འོ་མ་བཙོངས་ནས་ཁྲོམ་རའི་དཔལ་འབྱོར་ནང་ཞུགས་པ་དེ་རེད། སྐབས་དེ་དུས་འགྲིམ་འགྲུལ་ལམ་ཐིག་གཙོ་བོའི་རྒྱུད་དུ་ཞོ་དང་འོ་མ་ཕྱིར་ཚོང་བྱ་རྒྱུ་དེ་དར་སྲོལ་ཞིག་ཏུ་གྱུར་ཡོད།

འབྲི་གཡག་ཐོན་ལས་ཀྱི་ཐོན་རྫས་གཙོ་བོ་གང་ཡིན་ནམ། ཤ་རེད་དམ་ཡང་ན་འོ་མ་རེད། འབྲི་གཡག་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེ་ནི་ངེས་པར་དུ་བསམ་གཞིག་ནན་ཏན་བྱེད་དགོས་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། “རྒྱགས་གསོ་དང་། འོ་བཟོ། ཁུ་ལུ་དང་རྩིད་པ་ལས་སྣོན་སོགས་ལ་བསམ་བློ་མང་པོ་གཏོང་དགོས་ཀྱི་ཡོད། ང་ཚོས་ས་མཐོའི་འབྲོག་ལས་ལ་གཞི་ཚུགས་ནས་ཡང་སྙིང་ཇི་ལྟར་བྱེད་དགོས་སམ”ཞེས་གསེར་རྙེད་ཆུས་ཨུད་ཀྱི་ཧྲུའུ་ཅི་ལི་ཏུང་གིས་བཤད། “དགའ་བདེ་རྟེན་གཞི”འཆར་འགོད་བྱས་མ་ཐག་པའི་སྐབས་སུ། རྟེན་གཞིའི་ཐོན་རྫས་ཀྱི་ངེས་གནས་དེ“འོ་མ”དང“ཤ”གང་ཞིག་འཇོག་པའི་བར་ལའང་རྩོད་གླེང་མི་ཉུང་བ་ཞིག་བྱུང་བ་མ་ཟད། དེ་དག་ལ་རིགས་པས་ཁུངས་སྐྱེལ་གང་ལེགས་ཀྱང་བྱས་ཡོད།

བཅའ་སྡོད་བཅར་འདྲི་བྱེད་རིང་། གསར་འགོད་པས་འབྲིའི་དཀར་ཆུའི་ཐོན་རྫས་ལས་སྣོན་བྱས་ན་ཉུང་མཐར་ཡང་གཤམ་གསལ་གྱི་དགེ་མཚན་འགའ་ཡོད་པ་ཤེས་རྟོགས་བྱུང་བ་སྟེ། དང་པོ། གསེར་རྙེད་ཆུས་ཀྱིས་2006ལོ་ནས་བཟུང་དཀར་ཆུའི་ཐོན་རྫས་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། གཞུང་ལམ་ལམ་རྒྱུད་ཀྱི་གྲོང་ལྷན་ཡོངས་ལ་གཞི་རྩའི་ཆར་ཁྱབ་ནས་འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་ཞིག་ལྡན་པ་དང་། གཉིས་པ། དཀར་ཆུའི་ཐོན་རྫས་ཚད་བརྒལ་བྱེད་སར་བརྩིས་ནས་འབྲོག་པ་ཚོར་རང་འགུལ་ངང་ཕྱུགས་ཁྱུའི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་ཁྲིད་སྟོན་ནུས་ལྡན་བྱས་པས། འབྲི་གཡག་དང་། རྟ། ལུག་སོགས་ཀྱི་ཁྱུ་ཚོགས་སྣ་ཚོགས་གསོ་ཚགས་བྱ་རྒྱུ་དེ་འབྲི་གཡག་གཙོ་བོར་བྱེད་པའི་བར་འགྱུར་ལྡོག་ཕྱིན་པ་དང་། ན་རྒས་དང་ཤ་ཤེད་སྐྱོ་བའི་འབྲི་གཡག་ཁྱུ་ཚོགས་རྒྱུད་སྤེལ་ཐུབ་པའི་འབྲི་གཡག་གཙོ་བོར་བྱེད་པའི་ཕྱོགས་སུ་མངོན་འགྱུར་བྱུང་ནས་སྣོད་བཅུད་འཕེལ་རྒྱས་ཕྱིན་པ། གསུམ་པ། དཀར་ཆུའི་ཐོན་རྫས་ཀྱི་དཔལ་འབྱོར་ཕན་འབྲས་ཆེ་བ་དང་། འབྲོག་པ་མང་ཚོགས་ཞུགས་པའི་ཧུར་བརྩོན་ཆེ་རུ་སོང་ནས“བཤས་གཏོང་དང་ཕྱིར་ཚོང་ལ་གཅེས་སྤྲས་བྱེད་པའི”ལྟ་བ་དང་ཁྲོམ་རའི་དཔལ་འབྱོར་རང་བཞིན་དབར་མི་མཐུན་པའི་གནད་དོན་ནུས་ལྡན་ངང་བསལ་བ་བཅས་བྱས་ཡོད།

“ཚགས་ཤ་འཚོང་བའི་ཕན་འབྲས་དུས་ཐུང་ནང་ཧ་ཅང་ཆེ་རུ་སོང་ཞིང་། གལ་ཏེ་ལོ་གཅིག་ལ་འབྲི་གཡག་མགོ་གྲངས་10ཡི་ཐོན་སྐྱེད་གཞི་ཁྱོན་ལྟར་བརྩིས་ན། ལོ་4ཡི་རིང་གསེར་རྙེད་ཆུས་ཀྱི་འབྲི་གཡག་ཧ་ལམ་སྟོངས་ཉེན་ཡོད། དཀར་ཆུའི་ཐོན་རྫས་དང་མི་འདྲ་བར་ལོ་གཅིག་དུས་བཞི་ཚང་མར་ཐོན་སྐྱེད་བྱེད་ཐུབ་པ་ནི་རྒྱུན་མཐུད་ཆོག་པ་དེ་རེད”དགའ་བདེ་རྟེན་གཞིའི་འགན་འཁུར་བ་མིག་རྒྱལ་མཚོས་བལྟས་ན། འབྲོག་ལས་གཞི་ཁྱོན་ཅན་དང་དཀར་ཆུའི་ཐོན་རྫས་འཕེལ་རྒྱས་གཏོང་རྒྱུ་ནི་གསེར་རྙེད་ཆུས་ཀྱི་དོན་དངོས་དང་འཚམ་པའི་གདམ་ག་དེ་རེད།

ཇི་ལྟར་བྱས་ནས་འཕེལ་རྒྱས་གཏོང་དགོས་པ་སྟེ། “གྲུ་གཡར་བ”དང་ཡང་ན“གྲུ་བཟོ”དགོས་སམ།

ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་། དཔལ་འབྱོར་གྱི་ལེགས་ཆ། དབུལ་སྐྱོར་གྱི་ལེགས་ཆ་བཅས་ལ་འགྱུར་ཆེད། ནག་ཆུ་གྲོང་ཁྱེར་དང་གསེར་རྙེད་ཆུས་ཀྱིས་དེ་སྔོན་ནང་སའི་ཁེ་ལས་ཆེ་གྲས་དང་ངོ་འཕྲད་གྲོས་མོལ་བྱས་ནས་མཉམ་ལས་བྱེད་མྱོང་ཡོད། འོན་ཀྱང་རྟོག་ཞིབ་ཐེངས་ཤིག་བྱས་རྗེས་གནམ་གཤིས་ཞན་པ་དང་། རྨང་གཞི་རྗེས་ལུས་ཐེབས་པ། ཐོན་ཚད་ཉུང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས“ས་མཐོར་མི་འཕྲོད་པའི་སྣང་ཚུལ”ཐོན་ཡོད།

ཐོན་ལས་འཕེལ་རྒྱས་ཐད་བྱུང་བའི་དཀའ་ངལ་སྣ་ཚོགས་ཀྱི་མདུན་དུ་གསེར་རྙེད་ཆུས་ཀྱིས“དཀའ་སྡུག་གི་རྗེས་ལ་དཀའ་སྡུག་མྱོང་ཚུལ་དྲན་པར”བྱས་ནས་དོན་དངོས་དང་། ཐོན་ཁུངས། རང་ངོས་བཅས་ལ་གཞི་ཚུགས་ཏེ་ཐོག་མཐའ་བར་གསུམ་དུ་རྨང་གཞི་འདིང་བ་དང་ཕུགས་ཕན་ལས་དོན་མང་དག་ཅིག་བསྒྲུབས་ཡོད། རང་སྐྱོང་ལྗོངས་དང་ནག་ཆུ་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཁ་ཐོར་དུ་གནས་པའི་དུད་ཚང་རེ་རེ་སྒྲིག་འཛུགས་བྱས་ནས་སྣེ་འདྲེན་ཁེ་ལས་དང་སྦྲེལ་མཐུད་ཡོང་བར་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་། ཆུ་དང་། གློག ལམ དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་བཏང་ནས་འབྲོག་ལས་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་བརྟན་དུ་བཏང་བ། བསམ་བློའི་སློབ་གསོའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་འབྲོག་ལས་འཕེལ་རྒྱས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད།

གྲ་སྒྲིག་ཡུན་རིང་དང་བསམ་གཞིག་གང་ལེགས་བྱས་པ་བརྒྱུད། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་ལས་དོན་དེ་བོད་བྱང་ཐང་དུ་གཏིང་ཟབ་སྤེལ་བ་དང་བསྟུན། གསེར་རྙེད་ཆུས་ཀྱིས་དགའ་བདེ་སྣོད་བཅུད་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་བསྐྲུན་འགོ་ཚུགས་ཡོད། དགའ་བདེ་རྟེན་གཞིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.076གཏོང་རྒྱུའི་འཆར་གཞི་ཡོད་པ་དང་། 2018ལོའི་ཟླ་དང་པོ་ནས་གཉེར་སྐྱོང་བྱེད་འགོ་བཙུགས་ཏེ་དཀར་ཆུའི་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱ་རྒྱུ་ཚད་བརྒལ་བྱེད་སར་བརྩིས་ནས“སྣེ་འདྲེན་ཁེ་ལས+རྟེན་གཞི+མཉམ་ལས་རྩ་འཛུགས+འབྲོག་དུད”ཀྱི་གཉེར་སྐྱོང་བྱེད་སྟངས་ལག་བསྟར་གྱིས་ཚན་རིག་དང་མཐུན་པའི་ངང“གྲོང་ཚོ་རེ་ལ་མཉམ་ལས་ཁང་རེ”དང“ཕྱུགས་རྟེན་ཕྱུགས་གསོའི”རྣམ་གྲངས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སྤུས་རྟགས་གཅིག་གྱུར་དང་། མངགས་ཐོ་གཅིག་གྱུར། ཕྱིར་ཚོང་གཅིག་གྱུར་བཅས་བྱས་ཤིང་། མིག་སྔའི་བར་གྲོང་ཚོ་དབུལ་པོ་76དང་། དུད་ཚང་3203 མང་ཚོགས་16227བཅས་བསྡུས་ཏེ་རྟེན་གཞིར་འོ་མ་མཁོ་སྤྲོད་དང་། རྫས་ལུད་འཚོང་བ། རྩྭ་ར་བརྒྱུད་བཤུག ངལ་རྩོལ་ནང་ཞུགས་པ། ཐོན་ལས་ཀྱི་ཁེ་སྤོགས་བགོ་འགྲེམས་སོགས་བྱས་ཏེ་མང་ཚོགས་ལ་ཁྱོན་ཡོང་འབབ་སྒོར་ཁྲི་2527.28དོན་འཁྱོལ་བྱས་ཡོད།

སྣེ་འདྲེན་ཁེ་ལས་གཅིག་དང་། ཤང་དང་གྲོང་རྡལ་12 མཉམ་ལས་ཁང་བརྒྱ་ལྷག གསོ་ཚགས་དུད་ཚང་སྟོང་ཕྲག བཞོན་མ་ཁྲི་གསོ་ཚགས་བཅས་ཀྱི་བཞོན་མའི་ཐོན་ལས་འཁོར་འབྲེལ་ཞིག་རྩྭ་ཐང་དུ་གྲུབ་ཡོད། “ད་ཆ་ང་ཚོས་གཙོ་བོར་བཞོན་མ་གསོ་ཚགས་ཀྱི་ལས་དོན་དེ་ཇི་ལྟར་བྱས་ནས་སྒྲུབ་དགོས་པ་སྟེ། ཉེ་དུས་ལྗོངས་ནང་ཁུལ་གྱི་ཁྲོམ་ར་བཟུང་བ་དང་། དུས་དཀྱིལ་དུ་སྤུས་རྟགས་བཏོད་པ། ཕུགས་སུ་རྒྱལ་ནང་གི་ཁྲོམ་ར་རྒྱ་བསྐྱེད་གཏོང་བ་བཅས་རེད”“གྲུ་གཡར་ནས་རྒྱ་མཚོ་སྒྲོལ་མ་ཐུབ་ན”ང་ཚོས་རང་ངོས་ལ་གཞི་ཚུགས་པ་དང་ཏན་ཏན་ཏིག་ཏིག་བྱས་ཏེ་རང་ཡུལ་གྱི་ཐོན་རྫས་ཕྱི་ཕྱོགས་སུ་བྲིན་ཚོང་བྱ་རྒྱུ་ཡིན་ཞེས་མིག་རྒྱལ་མཚོས་བཤད།

སུའི་ཆེད་དུ་འཕེལ་རྒྱས་གཏོང་དགོས་པ་སྟེ། “ཕ་ཡུལ་དང་བྲལ་བ”དང་ཡང་ན“ཕ་ཡུལ་དུ་ལོག་དགོས་པ”གང་ཞིག་ཡིན་ནམ།

“རྟེན་གཞི་འདི་གར་ང་ཡུན་རིང་ལས་ཞུགས་ཐུབ་བྱུང་། ཡོང་འབབ་ཀྱང་ཡག་པོ་འདུག་པས་ཧ་ཅང་སྐྱིད་པོ་འདུག”དུད་ཚང་དབུལ་པོ་སྙན་གྲགས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་བརྟེན་ནས་དགའ་བདེ་རྟེན་གཞིའི་ཉེ་འགྲམ་གྱི་ལྷོ་མ་གྲོང་རྡལ་གེ་དམར་གྲོང་ཚོར་གཞིས་ཆགས་ཡོད། དེ་གོང་ཁྱིམ་ཚང་གི་ཡོང་འབབ་སྒོར་7000ལས་མེད་ཀྱང་ད་ཆ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་3.6ཟིན་གྱི་ཡོད། རྩྭ་ཐང་གི་འབྲོག་པ་ཚོས་ལྷད་མེད་ཀྱི་འོ་མ་དེ་འབྲོག་ལས་ཐོན་ལས་ཀྱི་ལས་བཟོ་བའི་ཆེད་ལས་ཀྱི་ཁྱད་ཆོས་སུ་བསྒྱུར་ཡོད་པ་རེད།

ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེ་གའི་ཐོན་ལས་རེ་བསྐྲུན་པ་དང་། ཡུལ་ཕྱོགས་དེ་གའི་ཐོན་ལས་ཀྱིས་ཡུལ་ཕྱོགས་དེ་གའི་མི་སེར་ཕྱུག་པོ་ཆགས་ཐབས་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ་དང་། རང་ས་རང་ཡུལ་ནས་མི་འབྲལ་བ་དང་། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་མང་ཚོགས་ལ་ཚན་རིག་དང་མཐུན་པའི་ཕྱུག་འགྱུར་ཐབས་བཟང་འཚོལ་རོགས་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་བར་རམ་འདེགས་བྱེད་དགོས་ལུགས་བཏོན་ཡོད། ད་ཆ་འདུ་ཤེས་དེ་གསེར་རྙེད་ཆུས་སུ་ལག་བསྟར་གང་ལེགས་བྱེད་བཞིན་ཡོད།

ཕ་ཡུལ་ནི་ས་ཆ་ཡག་པོ་ཡིན། ལས་ཞུགས་བྱེད་པར་ཐག་རིང་ལ་འགྲོ་དགོས་དོན་མེད། མིག་སྔའི་བར་རྟེན་གཞི་དེ་གར་མི་96ཡུན་རིང་ལས་ཞུགས་ཐུབ་པའི་ཁྲོད་སློབ་ཆེན་སློབ་མ་22དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་56ཡོད། “ལས་ཞུགས་གཞན་སྒྱུར་བྱེད་པར་ས་ཆ་གཞན་དུ་གླ་པ་རྒྱུག་པར་འགྲོ་དགོས་པའི་ངེས་པ་མེད་ལ་གྲོང་གསེབ་དར་རྒྱས་གཏོང་བ་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་བསྒྱུར་བ་མིན། དེའི་འབྲེལ་བ་ཐག་གཅོད་གང་ལེགས་བྱེད་པའི་འགག་རྩ་ནི་ཁྱད་ལྡན་ལེགས་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་དེ་ཡོང་འབབ་མང་བའི་ཐོན་ལས་སུ་བསྒྱུར་བ་དང་། ཞིང་འབྲོག་པ་དེ་ཡིད་དབང་འགུག་པའི་ལས་རིགས་ཤིག་ཏུ་བསྒྱུར་བ། ཞིང་འབྲོག་ཁུལ་དེ་བདེ་སྡོད་ལས་བརྩོན་གྱི་མཛེས་པའི་ཁྱིམ་གཞིས་སུ་བསྒྱུར་བ་བཅས་བྱ་རྒྱུ་དེ་ཡིན”དགའ་བདེ་རྟེན་གཞིའི་ཐོན་ལས་གོང་འཕེལ་བྱུང་བར་བརྟེན་ནས་འབྲོག་ལས་ཀྱི་ཐོན་ལས་གོང་འཕེལ་སྔར་བས་ཆེ་རུ་གཏོང་བར་བློ་སྒོ་ཕྱེ་བྱུང་། “ཕ་ཡུལ་དང་བྲལ་བ”དང་ཡང་ན“ཕ་ཡུལ་དུ་ལོག་པའི”འཕེལ་རྒྱས་གཏོང་སྟངས་དེ་སུའི་ཆེད་དུ་ཡིན་པའི་གནད་དོན་དེར་ལི་ཏུང་གིས་བློ་རྩ་བརྟན་པོས་ལན་དེ་ལྟར་བཏབ།

གསེར་རྙེད་ཆུས་ཀྱི་འབྲོག་ལས་ཐད་ད་ཆ་རང་ངོས་འཕེལ་རྒྱས་དང་འཚམ་པའི་འགྲོ་ལམ་དུ་བསྐྱོད་ཐུབ་པ་བྱུང་བ་དང་། མ་འོངས་པར་མུ་མཐའ་མེད་པའི་བོད་བྱང་ཐང་དུ་གྱི་ལིང་རྟ་ཕོ་དང་འདྲ་བར་བང་རྩལ་ངོམ་པའི་རེ་བས་ཁེངས་ཡོད།

(ཉི་མ་དོན་གྲུབ་དང་གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)