《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月31日

ཡན་ཅིན་ཧའེ་ཡིས་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་28ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་འབྲས་སྤུངས་དགོན་དང་། གཙུག་ལག་ཁང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་སོགས་སུ་ཕེབས་ཏེ་ས་ཆ་དངོས་སུ་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་འབྲེལ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་རུ་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་སླར་ཡང་ཞིབ་བཤེར་དང་བཀོད་སྒྲིག་གནང་བ་རེད།

འབྲས་སྤུངས་དགོན་དང་གཙུག་ལག་ཁང་དུ་ཡན་ཅིན་ཧའེ་ཡིས་དགེ་འདུན་པའི་འཐུས་མི་དང་བྱམས་བརྩེའི་ངང་སྙིང་གཏམ་ཤོད་རེས་གནང་སྟེ་ཁོང་ཚོའི་ས་ནས་གནས་ཚུལ་ཤེས་རྟོགས་དང་བསམ་འཆར་དང་གྲོས་འགོ་གསན་པ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རྒྱ་ཆེའི་དགེ་འདུན་པ་ཚོས་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བཅས་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། དགོན་སྡོད་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་། དགོན་སྡེ་དོ་དམ་ཨུ་ལྷན། དགོན་སྡོད་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་བཅས་ཀྱི་ལས་དོན་གནས་ཚུལ་མཁྱེན་རྟོགས་གནང་རྗེས། ཡན་ཅིན་ཧའེ་ཡིས་ཆོས་ལུགས་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐའ་སྐྱོང་བོད་བརྟན་དང་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་། བར་སྐོར་གནའ་གྲོང་སྤྱི་བདེ་ཅུས། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་བཅས་སུ་ཡན་ཅིན་ཧའེ་ཡིས་འཐབ་ས་དང་པོར་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་ལ་གཟིགས་ནས་ལས་དོན་སྒྲུབ་ཚུལ་དང་གྲ་སྒྲིག་བྱས་ཚུལ་གྱི་ངོ་སྤྲོད་གསན་ཏེ། ཁོང་ཚོས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་དང་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། ཡན་ཅིན་ཧའེ་ཡིས“བྱེད་སྒོ་གལ་ཆེན་དང་དུས་ཚིགས་གལ་ཆེན་དང་། ཡང་ན་རྒྱུན་རྣམ་ཅན་གྱི་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གང་ཞིག་ཡིན་རུང་། ཚང་མས་ཚད་མཐོའི་ཆབ་སྲིད་ཀྱི་ལས་འགན་སྒྲུབ་སེམས་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་རང་འགན་གཙང་སྒྲུབ་དང་ལས་གནས་བརྟན་སྲུང་བྱས་ཏེ་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ཁྱིམ་ཚང་ཁྲི་ཕྲག་མང་པོ་བདེ་འཇགས་ཡོང་བ་བྱས་པར། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་གུས་འདུད་ཀྱང་ཞུ་རྒྱུ་ཡིན། ཚང་མས་ལྗོངས་ཏང་ཨུད་ཀྱི་སྔོན་གཏན་འཁེལ་བའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱས་ནས་མུ་མཐུད་འབད་བརྩོན་དང་ལས་དོན་ཏན་ཏིག་བསྒྲུབས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་དང་། ཡུན་རིང་། སྤྱི་ཡོངས་བཅས་བརྟན་ལྷིང་ཡོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)