《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月31日

ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས།

ལས་གནས་གསར་སྤེལ་བྱས་ཏེ་ལས་ཞུགས་ཀྱི་དུས་བབ་བརྟན་པོ་རྒྱུན་འཁྱོངས་བྱས་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལས་ཞུགས་བརྟན་པོ་ལས་དོན་གཙོ་བོར་བརྩིས་ནས་ཐབས་མང་མཉམ་སྤྱོད་ཀྱིས་ལས་ཞུགས་ཀྱི་དུས་བབ་བརྟན་པོ་རྒྱུན་འཁྱོངས་བྱས་པ་རེད།

ལས་གནས་གསར་སྤེལ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། ཅུས་དེས་ཞིང་འབྲོག་པ་དང་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་དེ་དམིགས་ཚད་གཙོ་བོར་བཟུང་ནས་ཁ་པར་དང་། སྐད་འཕྲིན། དྲ་རྒྱ་བཅས་ནས་གསར་སྤེལ་བྱེད་པའི་བྱ་ཐབས་སྤྱད་པ་དང་རྣམ་གྲངས་འཛུགས་སྐྲུན་དང་། ཞིང་འབྲོག་ལས་འཕེལ་རྒྱས། ཞབས་འདེགས་ལས་རིགས་སོགས་གཙོ་གནད་དུ་བཟུང་ནས་ལས་གནས་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་པ་རེད། མིག་སྔའི་བར་ཁེ་ལས་352ཀྱིས་དྲ་ཐོག་ནས་ལས་བསྡུའི་ལས་གནས་8765གསར་སྤེལ་བྱས་པ་ལས་ཁེ་ལས་48ཀྱིས་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་447མཁོ་འདོན་བྱས་པ་དང་། ཁེ་ལས་304ཡིས་ཞིང་འབྲོག་པར་ལས་གནས་8318མཁོ་འདོན་བྱས་ཡོད། གཞི་ཁྱོན་རྣམ་པའི་ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་ངལ་ནུས་གནས་ཚུལ་དང་ལས་འགོ་བསྐྱར་འཛུགས་གཞི་ཁྱོན་ཅན་གྱི་ཁེ་ལས་ལ་ལས་མི་མཁོ་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ་གཅིག་སྡུད་ལས་ཞུགས་དང་ཁག་ཐེངས་ལས་ཞུགས་ལ་སྐུལ་འདེད་བཏང་ཡོད། དྲ་ཐོག་ཞབས་འདེགས་ལ་ཤུགས་སྣོན་བརྒྱབ་ཅིང་། བོད་ལྗོངས་སྤྱི་པའི་ལས་ཞུགས་ལས་བསྡུའི་དྲ་བའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་རྫོང་གི་ཆེད་བསྐོས་གཉེར་སྐྱོང་དོ་དམ་པ་13གཏན་འཁེལ་བྱས་ནས་མི་སྤྱོད་ཁེ་ལས་དང་། མཐོ་སློབ་སློབ་ཐོན་སློབ་མ། ཞིང་འབྲོག་པ་བཅས་ཀྱིས་དྲ་ཐོག་ཐོ་འགོད་དང་། དྲ་ཐོག་ལས་བསྡུ། དྲ་ཐོག་ངོ་རྒྱུགས་བཅས་ལ་སྐུལ་སློང་དང་མཛུབ་ཁྲིད་བྱས་ཡོད། མིག་སྔའི་བར་ཐོ་འགོད་ཁེ་ལས་15ཡོད་པ་དང་ལས་གནས་100མཁོ་འདོན་བྱས་ཡོད། ངལ་ནུས་ཕྱིར་གཏོང་ཀུང་སི་དང་། ལས་རིགས་ངོ་སྤྲོད་ལྟེ་གནས། མི་ཤུགས་ཐོན་ཁུངས་དོ་དམ་ཞབས་ཞུ་ཀུང་སི་སོགས་ནས་བསྡུས་པའི་ལས་ཞུགས་ལས་གནས་དུས་ཐོག་ཏུ་ལེགས་སྒྲིག་དང་ཕྱོགས་བསྡུས་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་མེ་ཁྲེང་ལས་བསྡུ་དྲ་རྒྱའི་ལས་སྟེགས་སུ་ཁྱབ་བསྒྲགས་བྱས་ཡོད། མིག་སྔའི་བར་མི་སྤྱོད་ཚན་པ་163གྱི་ལས་གནས་1688ཁྱབ་བསྒྲགས་བྱས་པ་དང་། མི་སྒེར་གྱི་ལོ་རྒྱུས་མདོར་བསྡུས་ཁག་25བསྡུས་ཤིང་། ལས་ཀ་འཚོལ་མཁན་མི་10ལམ་ལྷོངས་བྱུང་ཡོད། དགོས་མཁོ་དང་ཟུང་འབྲེལ་གྱིས་གསོ་སྦྱོང་འཆར་གཞི་བཟོས་པ། མཐོ་སློབ་སློབ་ཐོན་སློབ་མའི་གནས་ཚུལ་དང་ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་གྱི་དགོས་མཁོ་གཞིར་བཟུང་འདི་ལོ་གསོ་སྦྱོང་དུས་ཐེངས་267གཉེར་རྩིས་ཡོད་པ་དང་ངལ་ནུས་སྣ་ཚོགས་མི་12868ལ་གསོ་སྦྱོང་ཐོབ་རྒྱུ་རེད། མིག་སྔར་གསོ་སྦྱོང་དུས་ཐེངས་2བྱས་པ་དང་མི་70ལ་གསོ་སྦྱོང་བྱས་པ་རེད།