《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月31日

སྒྲོག་འགྲེལ་པ་ཞིག་ཡིན་ཕྱིན་སྒྲོག་འགྲེལ་ལ་ཁྱད་ཆོས་ལྡན་དགོས།

—— ལི་ཆང་གིས་འབད་འཐབ་བྱས་པ་བརྒྱུད་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པའི་སྒྲོག་འགྲེལ་བ་ཞིག་ཏུ་གྱུར་པ།

2016ལོའི་ཉིན་ཞིག་ལ། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང་གི་སྒྲོག་འགྲེལ་སྟེགས་བུར། “སྒྲོག་འགྲེལ་བ་གསར་པ”ལི་ཆང་གིས་མིག་ཟུང་ཟིན་བྲིས་ལ་ཅེར་ནས་ཆད་མ་མཐུད་ཀྱིས་སྒྲོག་འགྲེལ་བྱས་པ་རེད།

ད་ཆ། ལི་ཆང་གིས་རྩེད་མོའི་ཚུལ་དུ་གསར་འགོད་པར་ཐེངས་དང་པོར་སྒྲོག་འགྲེལ་བྱེད་སྐབས་ཀྱི་རྣམ་པ་བཤད་པ་རེད། ད་ཆའི་ལི་ཆང་གིས་ཞིང་འབྲོག་མང་ཚོགས་ལ་ངོ་འཕྲད་གདོང་ཐུག་གིས་སྒྲོག་འགྲེལ་ཐེངས་700ལྷག་བྱས་པ་དང་། ཁོང་གི་སྒྲོག་འགྲེལ་ལ་ཉན་མཁན་མང་ཚོགས་ཁྲི་6ལྷག་ཟིན་ནས། དེ་སྔའི“སྒྲོག་འགྲེལ་བ་གསར་པ”དེ་མིན་པ་རེད།

སྒྲོག་འགྲེལ་བར་གྱུར་པའི་རྒྱུ་མཚན་སྐོར་གླེང་སྐབས་ལི་ཆང་དེ་སྔར་ཁ་རུབ་ཆུས་རོབ་པ་ཤང་རོབ་སྙིང་གྲོང་ཚོར་བཅའ་སྡོད་བྱེད་པའི་སྐབས་ནས་རྗོད་དགོས། 2015ལོར། ཁ་རུབ་ཆུས་རོབ་པ་ཤང་སྲིད་གཞུང་དུ་ལས་ཀ་བྱེད་བཞིན་པའི་ལི་ཆང་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་རོབ་སྙིང་གྲོང་ཚོར་བཅའ་སྡོད་བྱས་ནས་ལས་ཀ་བྱས་པ་དང་། དེའི་རིང་། ལི་ཆང་གིས་མང་ཚོགས་ཁག་གཅིག་ལ་སྒུག་རྟེན་སློང་གསུམ་གྱི་བསམ་བློ་ཤུགས་ཆེན་པོ་ཡོད་པས། གལ་སྲིད་མང་ཚོགས་ཚོའི་རྗེས་ལུས་ཀྱི་འདུ་ཤེས་ལ་འགྱུར་བ་གཏོང་དགོས་ན་ངེས་པར་དུ་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་ཤེས། སྐབས་དེར་ལས་ཀའི་དགོས་མཁོའི་དབང་གིས་ལི་ཆང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཨུད་དྲིལ་བསྒྲགས་པུར་སྐོང་གཡར་བྱས་ཡོད་པས། ལི་ཆང་གིས་གོ་སྐབས་དེ་སྤྱད་དེ་ཁ་རུབ་ཆུས་ཨུད་དྲིལ་བསྒྲགས་པུའི་བསླབ་པ་རྒན་པ་བཀྲ་ཤིས་མཚོ་སྐྱིད་ལས་སློབ་སྦྱོང་བྱས། ལི་ཆང་གིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཡིག་ཆ་སློབ་སྦྱོང་ལག་བསྟར་དང་། སྒྲོག་འགྲེལ་གསོ་སྦྱོང་ལ་ཞུགས་པ། སྒྲོག་འགྲེལ་ཟིན་བྲིས་འབྲི་བ། གྲོང་གསེབ་ཏུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་པ་སོགས་བརྒྱུད་རིམ་རེ་རེ་བཞིན་ལེགས་སྒྲུབ་ཡག་པོ་བྱས་པས་གཞི་རིམ་གྱི་ཞིང་འབྲོག་མང་ཚོཌ་ཀྱིས་དགའ་པོ་བྱེད་པའི་སྒྲོག་འགྲེལ་བ་ཞིག་ཏུ་གྱུར་པ་རེད།

“ལི་ཆང་གིས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པའི་ཁར་ད་དུང་བོད་རྒྱ་སྐད་གཉིས་ཆུ་རྒྱུག་རྒྱུག་ཤོད་ཐུབ་པས་ང་ཚོར་ཧ་ཅང་མཁོ་བའི་སྒྲོག་འགྲེལ་ཤེས་ལྡན་པ་ཞིག་རེད”ཅེས་བཀྲ་ཤིས་མཚོ་སྐྱིད་ཀྱིས་གསར་འགོད་པར་བཤད།

ལོ་30ལ་སླེབས་པའི་ལི་ཆང་གི་བཟའ་ཟླའི་མིང་ལ་དབྱངས་ཅན་ལྷ་མོ་ཟེར་ཞིང་། ཁོ་མོས་ལི་ཆང་གི་ལས་ཀར་ཧ་ཅང་རྒྱབ་སྐྱོར་བྱེད་ཀྱི་ཡོད། “མཚམས་རེར། ལི་ཆང་གྲོང་གསེབ་ཏུ་སྒྲོག་འགྲེལ་ལ་བསྐྱོད་ཚེ་ཟླ་བ་གཅིག་ལྷག་ཙམ་འགོར་གྱི་འདུག ཕྱིར་ལོག་དུས་གདོང་ཉི་མས་འཚིགས་ནས་པགས་པ་བུད་ཀྱི་འདུག ཡིན་ན་ཡང་ཁོང་སྒྲོག་འགྲེལ་གྱི་ལས་ཀ་དེར་དགའ་ཞེན་ཆེན་པོ་ཡོད་པས། ངས་ཁྱིམ་ཚང་ལ་ལྟ་རྟོག་བྱས་ནས་ཁོང་ལ་སེམས་ཁྲལ་མེད་པར་བཟོ་བ་ལས་ཅི་ཡང་བྱེད་ཐུབ་ཀྱི་མི་འདུག”ཅེས་ཁོ་མོས་བཤད།

ལོ་4རིང་། ལི་ཆང་གིས་ལས་སྒྲུབ་འཇོན་ཐང་ཆེན་པོར་བརྟེན་ནས་ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་སློབ་གསོའི་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་བ། རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕུལ་བྱུང་སྒྲོག་འགྲེལ་བ་སོགས་ལ་སྔ་རྗེས་སུ་བདམས་པ་མ་ཟད། ད་དུང་ཁ་རུབ་ཆུས་སྐོར་སྐྱོད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་དུ་བདམས་ཡོད་པ་རེད།

“ང་རང་སྒྲོག་འགྲེལ་ལ་དགའ། སྒྲོག་འགྲེལ་ལས་ངས་མི་ཚེའི་རིན་ཐང་རྙེད་བྱུང་། སྒྲོག་འགྲེལ་གྱིས་གཞི་རིམ་གྱི་མང་ཚོགས་མང་པོར་ཁྲིད་སྟོན་བྱས་ནས་ཁོ་ཚོར་མཛེས་སྡུག་ལྡན་པའི་འཚོ་བ་ནི་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་གཏོད་དགོས་པ་ཤེས་སུ་བཅུག་ཡོད”ཅེས་ལི་ཆང་གིས་བཤད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)