《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月31日

གནམ་འོག་གི་ལམ་བཟོ་ས་ཚིགས་དང་པོ།

1990ལོར་གདང་ལར་གནས་པའི་མཚོ་བོད་གཞུང་ལམ་གྱི་ལམ་བཟོ་ས་ཚིགས་109པར་ཐུན་མོང་མ་ཡིན་པའི་གཟི་བརྗིད་མཚན་སྙན་ཞིག་ཐོབ་པ་སྟེ། རྒྱལ་ཁབ་འགྲིམ་འགྲུལ་པུས“གནམ་འོག་གི་ལམ་བཟོ་ས་ཚིགས་དང་པོ”ཞེས་མིང་བཏཌ་པ་རེད།

སྐབས་དེ་དུས་མཚོ་བོད་གཞུང་ལམ་གྱིས་བོད་དུ་དབོར་བའི་དངོས་ཟོག་85%ཡན་དང་བོད་ནས་གཏོང་བའི་དངོས་ཟོག་90%ཡན་གྱི་སྐྱེལ་འདྲེན་ལས་འགན་འཁུར་གྱི་ཡོད། བོད་ཀྱི“སྲོག་རྩར”གྲགས་པའི་ས་བབ་མཐོ་ཚད་སྨི་5231ཟིན་པའི་གདང་ལ་ནི་མཚོ་བོད་གཞུང་ལམ་ཧྲིལ་པོའི་ལམ་དུམ་མཐོ་ཤོས་དེ་ཡིན་ལ་གཞུང་ལམ་ཧྲིལ་པོའི་རང་བྱུང་ཁོར་ཡུག་ཞན་པ་དང་ལས་ཀའི་ཆ་རྐྱེན་དཀའ་ཚེགས་ཆེ་ཤོས་ཀྱི་ས་ཆ་ཞིག་ཀྱང་རེད། དེ་གར་ལོ་འཁོར་མོར་གངས་གསོག་ཐེབས་ནས་ལོའི་ཆ་སྙོམས་དྲོད་ཚད་-8℃དང་དམའ་ཤོས་ཀྱི་སྐབས་སུ་-40℃ལ་སླེབས་ཤིང་། ལོ་གཅིག་གི་དུས་ཚོད་གསུམ་ཆ་གཅིག་རིང་ལྷགས་པ་ཆེན་པོ་རིམ་པ་8ཡན་རྒྱག་གི་ཡོད་པ། མཁའ་རླུང་དུ་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་45%ལས་ཟིན་གྱི་མེད་པས་མི་རྣམས་ཀྱིས“དཀའ་ཚེགས་ཆེ་བའི་ཁུལ”ཞེས་བརྗོད་ཀྱི་ཡོད། ལམ་བཟོ་ས་ཚིགས་109པ་1954ལོར་བཙུགས་པ་ནས་བཟུང་། བཟོ་པ་ཡང་ནས་བསྐྱར་དུ་བརྗེས་པ་ལས། ལ་ལ་ནི་ཕ་ཤུལ་རྒྱུན་འཛིན་དང་། ལ་ལ་ནི་བཟའ་ཚང་། ལ་ལ་ནི་གཅེན་གཅུང་བཅས་རེད། ཁོ་ཚོ་མང་ཆེ་བར་ས་མཐོའི་རང་བཞིན་གྱི་སྙིང་ནད་དང་། གྲུམ་པུའི་ནད། ཁྲག་ཤེད་མཐོ་བ། གློ་བའི་རླུང་སྐྲངས་སོགས་ནད་རིགས་བཞི་ཡན་ཕོག་ཡོད། འོན་ཀྱང་བཟོ་པ་ཚོས་ལམ་བཟོ་ས་ཚིགས་སུ་གཞིས་ཆགས་པ་དང་། ཁོ་ཚོར“ལམ་སྐྱོང་ལས་ཀར་བརྩི་བ་དང་། ལམ་སྐྱོང་ཁྱིམ་དུ་བརྩི་བ། ལམ་དུ་ལས་ཀ་བྱེད་པ། སེམས་ལ་ལམ་འཇོག་པ”བཅས་ཀྱི་བདག་པོའི་སྙིང་སྟོབས་ལྡན་ཡོད། 1983ལོའི་ཟླ་4པར་གདང་ལའི་རི་རྩེར་གློ་བུར་དུ་ཁ་བ་ཆེན་པོ་བབས་ཏེ་རླངས་འཁོར་40ལྷག་ཙམ་ཉེན་ཁའི་གནས་སུ་གྱར་བས་ལམ་བཟོ་ས་ཚིགས་ཀྱི་བཟོ་པ་20ལྷག་ཙམ་གྱིས་གངས་ལྷགས་ཀྱི་ཁྲོད་དུ་རི་རྩེར་ཉིན་མཚན་བལྟོས་མེད་ངང་ལམ་བཤངས་པ་རེད། གཞུང་ལམ་ཤར་བགྲོད་ཐུབ་སྐབས་གྲང་ངར་ཆེ་བའི་དབང་གིས་བཟོ་པ་ཚོའི་ལག་ཤུབས་པགས་པར་འབྱར་ནས་གྲིས་ལྷེབ་ཙམ་ལྷེབ་ཙམ་འགོག་སྐབས་ཁྲག་ཕྲུམ་ཕྲུམ་དུ་དོན་གྱི་ཡོད། གནས་ཚུལ་དེ་ལྟ་བུ་ལམ་བཟོ་ས་ཚིགས་109པའི་བཟོ་པ་ཚོར་ཧ་ཅང་མང་པོ་འཕྲད་མྱོང་ཡོད། ཁོ་ཚོས་གངས་ལྷགས་དང་གྲང་ངར་ལ་མ་འཛེམས་པར་མཚོ་བོད་གཞུང་ལམ་གདང་ལའི་སྤྱི་ལེ་30ཡོད་པའི་རྒྱལ་ལམ་ལོ་ལྟར་ཤར་གཏོང་ཐུབ་པར་བྱས་ཡོད། མི་མང་པོ་ཞིག་རླངས་འཁོར་ལ་བསྡད་ནས་བདེ་འཇགས་དང་བདེ་བླག་ངང་གདང་ལ་རྒྱག་པ་མཐོང་སྐབས་སྤོབས་པ་ཆེན་པོ་སྐྱེ་ཡི་ཡོད། འོན་ཀྱང་ལམ་བཟོ་ས་ཚིགས་109པའི་ལམ་སྐྱོང་བཟོ་པ་ཚོས་དེ་གར་ལས་ཀ་བྱེད་པ་དང་འཚོ་བ་ཡུན་རིང་བསྐྱལ་ཏེ། དཀའ་ཚེགས་ཆེ་བའི་ཁུལ་དེར་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཡོད།

ལམ་བཟོ་ས་ཚིགས་109པས་ལམ་སྲུང་བ་མ་ཟད་ད་དུང་ཉེན་ཁར་གྱར་བའི་མི་ཚོགས་ཀྱང་སྐྱོབ་རོགས་བྱས་ཡོད། གདང་ལ་ནི་མཚོ་བོད་གཞུང་ལམ་གྱི་རྒྱག་དགོས་ངེས་ཀྱི་ལ་ཞིག་ཡིན་ལ་གནམ་གཤིས་འགྱུར་ལྡོག་ཆེ་ཤོས་ཀྱི་འགག་གནད་ཅིག་ཀྱང་རེད། རྐང་ཐང་མར་འགྲོ་བ་དང་། རྐང་འཁོར་བཞོན་པ། སྒེར་འཁོར་གཏོང་བ་བཅས་ཀྱི་ཡུལ་སྐོར་བ་དང་ཐ་ན་ཕྱག་འཚལ་ནས་གནས་མཇལ་ལ་འགྲོ་མཁན་དང་གེགས་ཁུལ་གྱི་མང་ཚོགས་བཅས་ཚང་མ་ནི་ལམ་བཟོ་ས་ཚིགས་109པའི་རོགས་སྐྱོབ་བྱ་ཡུལ་རེད། མི་འགའ་ཞིག་གིས་གདང་ལའི་སྟེང་གངས་ལྷ་མེ་ཏོག་ཇི་ཙམ་ཡོད་ན་རྒྱལ་ལམ་109པའི་ལས་བཟོར་མི་སེམས་འགུལ་བའི་གཏམ་རྒྱུད་དེ་ཙམ་ཡོད་ཅེས་བརྗོད་ཀྱི་ཡོད། 1985ལོའི་ཟླ་11པར། ཉིན་བཅུ་གྲངས་བསྟུད་མར་ཁ་བ་བུ་ཡུག་འཚུབ་ནས་གདང་ལའི་ས་ཁུལ་ཡོངས་ལ་གནོད་འཚེ་ཕོག་ནས་ལམ་བཟོ་ས་ཚིགས་109པས་འགན་འཁུར་བའི་གདང་ལའི་ཉག་ལམ་འགགས། བཟོ་པ་ཚོས་ཁ་བ་བུ་ཡུག་གིས་བཀག་པའི་འགྲོ་འོང་བྱེད་མཁན་ཁ་ལོ་བ་དང་འགྲུལ་པ་ཚང་མ་ལམ་བཟོ་ས་ཚིགས་སུ་བསུས་པ་དང་། རང་ཉིད་ཀྱི་སྡོད་ཁང་སྟོང་པ་བཟོས་ནས་ཁོ་ཚོ་སྡོད་དུ་བཅུག་སྟེ་རང་ཉིད་ཐབ་ཀྱི་ཟུར་དུ་སྡོད་ཀྱི་ཡོད། བཟོ་པ་ཚོས་ཨ་མདོ་རྫོང་བཀྲ་གསར་ཤང་དང་མཚོ་ལུང་ཤང་ཁ་བས་བསྣུབས་པ་དང་། རྒན་རྒོན་དང་བྱིས་པ་29སྨི་གཅིག་ལྷག་ཙམ་གྱི་གངས་ཁྲོད་དུ་ལུས་པ། འབྲུ་རིགས་དང་གྱོན་ཆས་ཚང་མ་ཁ་བས་བསྣུབས་ནས་ཉེན་ཁ་ཆེན་པོ་ཡོད་པ་ཤེས་འཕྲལ་དེ་གར་བསྐྱོད་དེ་གནོད་འཚེ་ཕོག་པའི་མང་ཚོགས་ལམ་བཟོ་ས་ཚིགས་སུ་བསུས་པ་དང་། སྡོད་ཁང་སྟོང་པ་བཟོས་ཏེ་ཁོ་ཚོ་སྡོད་དུ་བཅུག 1989ལོར་གདང་ལར་གངས་སྐྱོན་ཚབས་ཆེན་བྱུང་བས་གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱ་ཆེད། ལམ་བཟོ་ས་ཚིགས་ཀྱི་བཟོ་པ་ཚོས་གཞུང་ལམ་གྱི་གངས་གསོག་གཙང་ཕྱགས་བྱས་པ་དང་། ཉིན་མཚན་གཉིས་བསྟུད་མར་འབད་འཐབ་བྱས་པས་རླངས་འཁོར་427བདེ་བླག་ངང་གདང་ལ་ནས་ཤར་གཏོང་ཐུབ་ཡོད། ལོ་དེ་རང་དུ་ཁོ་ཚོས་རླངས་འཁོར་འདྲུད་པ་དང་། རླངས་འཁོར་ནས་ཅ་དངོས་འདོན་འཇུག་བྱེད་པ། རླངས་འཁོར་སྲུང་བ་བཅས་ཐེངས་600ལྷག་ཙམ་དང་འགྲུལ་པ་མི་ཐེངས་600ལྷག་ཙམ་སྐྱོབ་རོགས་བྱས་པ་རེད།

ལམ་བཟོ་ས་ཚིགས་ཀྱི་བཟོ་པ་ཚོས་རང་འགུལ་ངང་ཀམ་པ་ལི་དང་། ཀོ་བའི་སྟོད་གོས། དེ་བཞིན་རང་ཉིད་ཀྱིས་ལོ་མང་རིང་སྤྱོད་མི་ཕོད་པའི་ཉལ་ཆས་གསར་པ་སོཌ་ཐེ་ཚོམ་མེད་པར་གཞན་ལ་གཡོག་པ་རེད། མི་རྣམས་ཀྱིས་སེམས་འགུལ་ཐེབས་པའི་ངང“མཐོ་གྲང་གི་འཛམ་གླིང་ཡང་རྩེར་འདི་ལྟ་བུའི་སྤྲོ་སེམས་འཁོལ་བའི་བཟོ་པ་དང་དྲོ་སྐྱིད་ལྡན་པའི་ལམ་བཟོ་ས་ཚིགས་ཡོད་སྙམ་མྱོང་མེད”ཅེས་བཤད།

ལམ་བཟོ་ས་ཚིགས་བཙུགས་ནས་ད་བར་ཁོ་ཚོས་རོགས་སྐྱོབ་བྱས་པ་བགྲང་གིས་མི་ལངས་མོད། འོན་ཀྱང་། རོགས་སྐྱོབ་བྱ་ཡུལ་ནས་དངུལ་ཕིང་གཅིག་ཀྱང་ལེན་མྱོང་མེད། ལམ་བཟོ་ས་ཚིགས་109པས་འགྲུལ་པས་འཕྲིན་ལན་བཞག་པའི་དེབ་བཅུ་ལྷག་ཙམ་ཉར་ཡོད། ལམ་བཟོ་ས་ཚིགས་རོགས་སྐྱོབ་ས་ཚིགས་ཀྱི་གྱང་ངོས་སུ་འགྲུལ་པས་བྲིས་པའི་འཕྲིན་ལན་གྱིས་ཁེངས་ཡོད། འཕྲིན་ལན་དུ་རོགས་རམ་ཐོབ་པའི་མི་རྣམས་ཀྱིས་ལམ་བཟོ་ས་ཚིགས་ལ་ཐུགས་རྗེ་ཆེ་ཞུ་ལུགས་འཁོད་ཡོད། གཞུང་ལམ་གྱི་ལམ་ཐིག་དེར་ནད་ཀྱིས་མནར་བའམ་ཡང་ན་གསོ་རླུང་མི་འདང་བའི་རྐྱེན་གྱིས་ཚེ་སྲོག་ལ་ཉེན་ཁ་འཕྲད་པའི་མི་མང་པོ་བསྐྱབས་པ་དང་། ཁ་བ་བུ་ཡུག་ཁྲོད་ལུས་པའི་མི་མང་པོར་དྲོ་སྐྱིད་སྦྱིན་པ། འཁོར་འཛོལ་དང་ལས་འཛོལ། བསམ་ཡུལ་ལས་འདས་པའི་དཀའ་ངལ་ཕྲད་པའི་མི་མང་པོར་རོགས་རམ་བྱས་པ་སོགས་ནི་ཚོགས་ཁང་གི་གོས་དར་དང་གཟེངས་རྟགས་ལས་ཤེས་ཐུབ།

ལམ་བཟོ་ས་ཚིགས་109པ་ཚུད་པའི་ས་མཐོའི་ལམ་སྐྱོང་ལས་བཟོ་ཚོས་སྐད་གྲགས་མེད་པར“ལམ་གཉིས་ཀྱི་སྙིང་སྟོབས”ལག་ལེན་སྟར་བཞིན་ཡོད། མཚོ་བོད་གཞུང་ལམ་དུ“ལང་ཚོ་དང་ཚེ་གང་སྐྱེས་སུ་འབུལ་བ་དང་། ཚེ་གང་དང་བུ་རབས་ཚ་རྒྱུད་སྐྱེས་སུ་འབུལ་བ” ཁྲག་དྲོན་དང་ལྷག་བསམ་རྣམ་དག་ལ་བརྟེན་ནས“དཀའ་སྤྱད་ལས་སྒྲུབ་དང་། ཧུར་བསྲི་ལམ་སྐྱོང་། ལམ་རྡོ་བྱེད་འདོད་པ། ཚེ་གང་སྐྱེས་སུ་འབུལ་བ”བཅས་ཀྱི་ཉམས་མེད་ཀྱི་ལོ་རྒྱུས་སྙན་ངག་བརྩམས་ཡོད།

མ་ཟིན་འདི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང(ལྗོངས་ས་གནས་ཀྱི་དཀར་ཆག་གཞུང་ལས་ཁང)གིས་མཁོ་འདོན་བྱས།

(བདེ་སྐྱིད་དང་ཚེ་ཁོས་སྒྱུར་ཞུས་བྱས)