《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月28日

ས་མཐོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དུས་རབས་གསར་པའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་གངས་ལྗོངས་ས་མཐོར་དཔལ་འབྱོར་འཕེལ་རྒྱས་མྱུར་བ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཁམས་བཟང་། སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བཅས་ཀྱི་དགའ་འོས་པའི་རྣམ་པ་བཟང་པོ་ཐོན་ཡོད།

འཕེལ་རྒྱས་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན།

2020ལོའི་ལོ་སྟོད་ཀྱི་དཔལ་འབྱོར་གྱི་གྲུབ་འབྲས་ཁྲོད་བོད་ཀྱི་གྲུབ་འབྲས་བཀྲག་མདངས་འཚེར་ཤོས་ཡིན་པ་རེད། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་838.38ཟིན་པ་དང་འཕར་ཚད་5.1%ཟིན་ཏེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་20151དང་སྒོར་4425སོ་སོར་ཟིན་ཡོད།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཕུལ་བའི་སྤུས་ཚད་མཐོ་བའི“རྒྱུཌ་ལན”རེ་རེར་ཕྱིར་མིག་ལྟ་སྐབས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལམ་སྟོན་གནང་བའི་འགྲོ་ལམ་ཐོག་གདེང་ཚོད་ཆེན་པོས་མདུན་སྐྱོད་དང་བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚེ་ང་ཚོས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་སྔར་ལས་ལེཌ་པའི་སྒོ་ནས་རྩོམ་ཐུབ་པ་རྩོད་ཐབས་བྲལ་བའི་ངང་ར་འཕྲོད་ཐུབ་ཡོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

གསར་གཏོད། ཐོན་ལས་གྲུབ་ཆ་ལེགས་སུ་བཏང་ནས་སྒུལ་ནུས་གཅིག་སྡུད་བྱས་པ།

བོད་ཀྱིས་ལྗོངས་བབ་ལ་གཞིགས་ནས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ནང་སའི་སྔོན་ཐོན་གྱི་འཕེལ་རྒྱས་གཏོང་སྟངས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་ཟམ་མི་ཆད་པར་བྱས་ནས་བོད་ཀྱི་ཁྱད་ཆོས་དང་མཐུན་པའི་དཔལ་འབྱོར་གྲུབ་ཆ་དང་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ཡོད།

“ད་ཆ་ང་ཚོའི་ཨ་དབང་ལུག་གི་སྐད་གྲགས་སྔར་བས་ཆེ་རུ་ཕྱིན་པས། གྲོང་ཚོར་ཨ་དབང་ལུག་གསོ་མཁན་མང་དུ་འགྲོ་བཞིན་འདུག”ཅེས་གོ་འཇོ་རྫོང་ཨ་དབང་ཤང་གི་ལུག་གསོ་ཚགས་དུད་ཆེན་རྡོ་མགོན་གྱིས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་རྫོང་ཡོངས་སུ་ཨ་དབང་ལུག་གསོ་ཚགས་བྱེད་ཚད་ཁྲི་4.2ཟིན་པ་དང་2025ལོར་སླེབས་སྐབས་རྫོང་ཡོངས་སུ་ཨ་དབང་ལུག་གསོ་ཚགས་བྱེད་ཚད་སྔོན་རྩིས་བྱས་ན་ཁྲི་13ཟིན་སྲིད།

ཨ་དབང་ལུག་གསོ་ཚགས་ཀྱི་ཐོན་ལས་དང་འདྲ་བར་རང་ལྗོངས་ཀྱིས་ས་མཐོའི་སྐྱེ་དངོས་ཐོན་ལས་དང་། ཡུལ་སྐོར་རིག་གནས་ཐོན་ལས། ནུས་རྒྱུ་གཙང་མའི་ཐོན་ལས། གནོད་མེད་བཟོ་ལས། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་གྲངས་གཞིའི་ཐོན་ལས། མཐའ་མཚམས་ཚོང་དོན་དང་ཟོག་འགྲེམས་ལས་རིགས་བཅས“ཐོན་ལས་ཆེན་པོ་བདུན”ལ་དམ་པོར་དམིགས་ནས། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་གྱི་ལས་གྲྭ་ལག་བསྟར་ཧུར་ཐག་བྱས་ཏེ་ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་འཁོར་སྦྲེལ་དེང་རབས་ཅན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ཡོད།

ཐོན་ལས་སླར་གསོའི་རྗེས་ཀྱི་རྨང་གཞི་བརྟན་པོ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འདི་ལོའི་ལོ་སྟོད་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རིང་དེ་བས་མངོན་གསལ་དོད་པོ་བྱུང་ཡོད།

ཞིང་ལས་ཐོན་སྐྱེད་ཀྱི་རྣམ་པ་བཟང་པོ་དང་ཞིང་ལས་ཐོན་རྫས་ཀྱི་ཐོན་འབབ་བལྟོས་བཅས་ཀྱིས་བརྟན་པོ་བྱུང་ཡོད། ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་64.94ཟིན་ཏེ་བསྡུར་གཞི་ཡོད་པའི་རིན་གོང་དུས་མཚུངས་ལས་2.2%འཕར་ཡོད། བཟོ་ལས་ཐོན་སྐྱེད་ལ་སྤྱིར་ན་ཁེ་བཟང་མེད་པ་ནས་ཁེ་བཟང་བྱུང་བའི་བར་འགྱུར་ལྡོག་བྱུང་བ་དང་ལས་རིགས་ཀྱི་འཕར་ཚད་བཅུ་ཆ་དྲུག་ལས་བརྒལ་ཡོད།

དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཅུང་མྱུར་པོ་བྱུང་ཞིང་། ལྗོངས་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་3.4%འཕར་བ་དང་ཟླ་དང་པོ་ནས་ལྔ་པ་བར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་55.2བྱུང་ཡོད།

མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཉོ་ཚོང་ཅུང་མང་ཞིང་། ཟླ་དང་པོ་ནས་ལྔ་པའི་བར་ལྗོངས་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་7.2ཟིན་པ་དང་། མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3.09ཟིན་ཏེ་དུས་མཚུངས་ལས་14%འཕར་ཡོད།

དེ་དང་ཆབས་ཅིག་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་དང་། སློབ་གསོ་འཕྲོད་བསྟེན་ཁྱབ་ཁོངས། ཚན་རྩལ་རྣམ་པའི་ཁེ་ལས་འཕེལ་རྒྱས་སོགས་རང་ལྗོངས་ཀྱི་ལས་རིགས་ཁག་ཏུ་ཚན་རྩལ་ནི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་རྐང་འཛིན་སྟོབས་ཤུགས་སུ་འགྱུར་བཞིན་ཡོད། ན་ནིང་ཁོ་ནར་རང་ལྗོངས་ཀྱི་ནོར་སྲིད་ཀྱིས་ཚན་རྩལ་ཐད་མ་དངུལ་གཏོང་ཤུགས་དང་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་སོ་སོར་23%དང་19%འཕར་བ་དང་། ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་51%ཟིན་པ། “གཉིས་གཏོད”ཀྱི་གཞི་རྟེན་སྣ་ཚོགས་131བསྐྲུན་པ། ཁེ་ལས་2129སྐྱོང་སྤེལ་བཅས་བྱས་ཡོད།

མཐུན་སྦྱོར། ས་ཁོངས་སྤུས་ཚད་ལེགས་པའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

དུད་ཚང་1གི་མི་3ནས་དུད་ཚང་9ཡི་མི་32བར་དང་དེ་ནས་ད་ཆའི་དུད་ཚང་56གི་མི་191བར་དང་། ས་ཕག་གི་ཁང་པ་ཐབས་ཆག་ནས་ཐོག་ངོས་ཐལ་མདོག་དང་གྱང་སེར་པོའི་ཁང་པ་སྟར་པ་རེ་རེའི་བར། འདམ་རྫབ་ཀྱི་ལམ་ནས་རྒྱ་ཆེ་ཞིང་གཙང་ལ་གྲོང་ཚོ་དང་དུད་ཚང་ལ་ཁྱབ་པའི་ཨར་འདམ་ལམ་བར། དེ་ནས་ཆུ་གློག་འཕྲིན་གསུམ་སྟབས་བདེ་དང་ཕྱུག་འགྱུར་ཐོན་ལས་བྱུང་བ་སོགས་ཡུལ་སྨད་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་ཤང་དུ་གྱུར་པ་ལས་མཐའ་མཚམས་ཀྱི་རི་གྲོང་དེར་མཛེས་སྡུག་ལྡན་པའི་འཕོ་འགྱུར་བྱུང་བ་མཚོན་གྱི་ཡོད་ལ། རང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བློ་བརྟན་འགྱུར་མེད་ངང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཀྱང་རེད།

འདི་ལོའི་ཟླ་7ཚེས་26ཉིན་མངའ་རིས་གློག་ཤུགས་དྲ་སྦྲེལ་ལས་གྲྭ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་ནས་ལྗོངས་ཡོངས་ཀྱི་རྫོང(ཆུས)74དང་མི་འབོར་ཁྲི་340ལྷག་ཙམ་ལ་ཁྱབ་པའི་གཅིག་གྱུར་གློག་དྲ་ཞིག་ཆགས་ཡོད།

རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་རྨང་གཞིའི་སྒྲིག་བཀོད་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་དམིགས་ཚད་གལ་ཆེན་ཞིག་རེད། 2019ལོར་ཀྲུང་དབྱང་སྲིད་གཞུང་གིས་རང་ལྗོངས་ལ་མ་དངུལ་སྒོར་དུང་ཕྱུར་686བཏང་བ་དང་། བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་42དམིགས་སར་འབྱོར་བ། མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི་སྣུར་སྲིང་སྒྱུར་བཀོད་ལས་གྲྭ་བསྐྲུན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ། ལ་ལྷོ་ཆུ་བེད་ལྟེ་བའི་ཆུ་སྒོ་བརྒྱབ་ནས་ཆུ་བསགས་པ། གྲོང་གསེབ་ཀྱི་གཞུང་ལམ་1288མགྱོགས་མྱུར་སྐྲུན། “དམངས་འཚོའི”རྣམ་གྲངས་ཆེན་པོ་གསུམ་དང་། ལྷ་གཞིས་རིམ་མཐོའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ གོར་ལྷའི་སྣུམ་འདྲེན་མདོང་ལམ། “3+1”གནམ་ཐང་གི་ཚན་རིག་ཚོད་ལྟའི་ལས་གྲྭ་སོགས་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་སྐྲུན་འགོ་ཚུགས་ཡོད།

རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་འབོར་ཆེན་ཞིག་བསྐྲུན་པ་བརྒྱུད་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་དང་འཁོར་སྐྱོད་ཀྱི་ལས་ཆོད་ཆེ་རུ་ཕྱིན་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།

སྔོ་ལྗང་། སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གཉིས་ཀ་ཡིད་དུ་འོང་བ།

བོད་ཀྱི་འཕེལ་རྒྱས་ནི་སྔོ་ལྗང་གི་འཕེལ་རྒྱས་རེད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད་རང་ལྗོངས་ཀྱིས་སྣོད་བཅུད་ཁྱབ་ཁོངས་ཀྱི་ལམ་ལུགས་དང་བྱ་ཐབས་རབ་དང་རིམ་པ་བཟོས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་སུ་གྱུར་པར་བྱས་ཡོད།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་ནགས་ཚལ་དང་། བྱེ་འགོག་བྱེ་བཅོས། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་དུ་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་མུ་མཐུད་སྤེལ་བ་དང་། རི་སྐྱེས་སྲོག་ཆགས་མང་ཆེ་བའི་རིགས་ཁྱུའི་གྲངས་འབོར་མངོན་གསལ་དོད་པོས་འཕར་ཡོད།

འདི་ལོ་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་གཏན་འབེབས་དང་ལག་བསྟར་བསམ་འཆར་བཟོས་ནས་བཏོན་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད།

མིག་སྔའི་བར་བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྣོད་བཅུད་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

བོད་ཀྱི་སྣོད་བཅུད་ཁོར་ཡུག་བཟང་བས་འཛམ་གླིང་གི་ཡུལ་སྐོར་དམིགས་སར་གྱུར་ཡོད། གྲངས་གཞི་ལས་མངོན་པར། ན་ནིང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4000ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་560བྱུང་ཡོད།

ཐོན་ལས་སྔོ་ལྗང་གི་ཐབས་ལམ་ལ་བརྟེན་ནས་སྔར་བས་འཕེལ་རྒྱས་བཏང་བ། ཡུལ་སྐོར་ལས་རིགས་དང་འདྲ་བར་ཐོན་ལས་འབོར་ཆེན་ཞིག་གིས་སྣོད་བཅུད་ལ་བརྟེན་ནས་ཡོང་འབབ་བསགས་ཀྱི་ཡོད། ན་ནིང་ཁོ་ནར་རང་ལྗོངས་ཀྱི“སྣོད་བཅུད་དང་ཞིང་འབྲོག”ཟུང་འབྲེལ་དང“སྣོད་བཅུད་དང་ཡུལ་སྐོར”ཟུང་འབྲེལ་སོགས་ཀྱི་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་སོགས་བྱ་དགའ་དང་ཁ་གསབ་སྣ་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་97.7དོན་འཁྱོལ་བྱས་པས་མང་ཚོགས་ཚོར“སྔོ་ལྗང”གི་ཕན་པ་སྔར་ལས་མང་བ་ཐོབ་ཡོད།

སྒོ་དབྱེ། མཐུན་རྐྱེན་གསར་པ་བསྐྲུན་ནས་ལས་དར་གྱི་ཞིང་ས་གཤིན་པོ་བཏོད་པ།

“དེ་སྔ་ཁེ་ལས་གསར་པ་འཛུགས་སྐབས་འགྲོ་ལུགས་རྙོག་འཛིང་ཆེ་ལ་དུས་ཚོད་རིང་པོ་འགོར་གྱི་འདུག ད་ལྟ་འགྲོ་ལུགས་སྟབས་བདེ་རུ་ཕྱིན་པ་མ་ཟད། དུས་ཚོད་ཀྱང་ལས་ཀའི་ཉིན་3ལས་མི་དགོས་པས་ཧ་ཅང་སྟབས་བདེ་པོ་འདུག” ལྷ་སའི“རིམ་གསུམ”སྲིད་དོན་ཞབས་འདེགས་ཚོམས་ཆེན་དུ་ལས་དོན་སྒྲུབ་བཞིན་པའི་ཁེ་ལས་ཀྱི་བདག་པོས་གཅིག་རྗེས་གཉིས་མཐུད་ངང་རང་ལྗོངས་ཀྱི་ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་བསྔགས་བརྗོད་དེ་ལྟར་བྱས་ཡོད།

མིག་སྔའི་བར། ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་34.5ཟིན་པ་དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་17443.6ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་དུད་ཚང་ཁྲི་6.3དང་སྒོར་དུང་ཕྱུར་3620.13མང་དུ་ཕྱིན་ནས་ལོ་གོང་མའི་དུས་མཚུངས་ལས་22.4%དང་26.2%འཕར་ཡོད།

གྲངས་གཞི་དེ་དག་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པར་འབད་བརྩོན་ལྷོད་མེད་བྱས་པ་ལས་བྱུང་བ་ཞིག་རེད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་རང་ལྗོངས་ཀྱིས་དུས་ཐོག་ཏུ་སྲིད་ཇུས་དང་བྱ་ཐབས་བཏོན་ནས་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲལ་གཅོག་སྲིད་ཇུས་དོན་འཁྱོལ། དངུལ་རྩའི་སྲིད་ཇུས་དོན་འཁྱོལ། འགན་བཅོལ་ཞབས་འདེགས་ལེགས་སུ་གཏོང་བ། ཁག་ཐེག་ཞབས་འདེགས་ལེགས་སུ་གཏོང་བ། སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ལེགས་སྒྲིག་འོས་འཚམ། ཁེ་ལས་ཀྱི་ཚོང་དུད་བོགས་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ། ཆུ་གློག་དང་སོལ་རླངས་ཀྱི་འགྲོ་གྲོན་ནར་འགྱངས་བྱ་ཆོག་པ་བཅས་བྱས་ཡོད།

བོད་ཀྱི་འཕེལ་རྒྱས་ནི་སྒོ་དབྱེའི་འཕེལ་རྒྱས་ཡིན་པ་དང་མཐུན་རྐྱེན་གསར་པ་བསྐྲུན་པས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་བཞིན་ཡོད།

ན་ནིང་ཚུན་རང་ལྗོངས་ཀྱིས་ཚོང་འགུགས་མ་འདྲེན་ཐད་མ་དངུལ་སྒོར་དུང་ཕྱུར་487བཏང་ཡོད། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་147དམིགས་སར་འབྱོར་བ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་134བཏང་བ་དེ་དུས་མཚུངས་ལས་45%འཕར་ཡོད།

ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་དང་། “ནང་འབྲེལ་ཕྱི་མཐུད”ཀྱི་འཐབ་ཇུས་ལྟེ་གནས་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”གི་མཚམས་ཚིགས་གལ་ཆེན་བཅས་ཀྱི་ངོས་ནས། ཉེ་བའི་ལོ་ཤས་རིང་བོད་ཀྱིས་འགག་སྒོ་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། མཐའ་མཚམས་མང་ཚོགས་ཀྱི་ཚོང་འབྲེལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། “བོད་ལྗོངས་འགྲེམས་ཚོགས”སོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་གོ་སྐབས་སུ་བྱས་ཏེ་སྒོ་དབྱེ་དང་གདེང་ཚོད་ཀྱི་རྣམ་པར་བརྟེན་ནས་བློ་རྒྱ་ཆེར་བསྐྱེད་དང་། འཛམ་གླིང་ལ་ཕྱོགས་པ། འཛམ་གླིང་དང་མཉམ་འདྲེས་བཅས་བྱས་ཡོད།

མཉམ་སྤྱོད། དམངས་འཚོ་ལེགས་སུ་ཤུགས་ཆེན་ཕྱིན་པ།

ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་རེད། རང་ལྗོངས་ཀྱིས་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པའི་ལས་དོན་ཏན་ཏིག་སྤེལ་བ་དང་ཆབས་ཅིག ཞིང་འབྲོག་མང་ཚོགས་དེ་བས་མང་བས་གླ་པ་བརྒྱུགས་ཏེ་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་གི་ཡོད། ཟླ་7ཚེས་13ཉིན་བར་རང་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་52.4ལས་ཞུགས་གཞན་སྒྱུར་བྱས་པ་དེས་ལོ་འཁོར་དམིགས་ཚད་ཀྱི་87.3%ལེགས་གྲུབ་བྱུང་བ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་37.9བྱུང་ནས་ལོ་འཁོར་མོའི་དམིགས་ཚད་ཀྱི་90.2%ལེགས་གྲུབ་བྱུང་ཡོད།

ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་ནུས་ལྡན་ཕྱིན་ཡོད།

ཉེ་བའི་ལོ་ཤས་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་གོང་དུ་བཀུར་བ་དང་འཚོ་བ་སྐྱེལ་མཁས་པོ་བྱེད་པའི་བསམ་བློ་བརྟན་པོ་བཙུགས་ཏེ་ཚད་ཡོད་ཀྱི་དངུལ་དེ་བས་མང་བ་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་སྤྱད་པས་། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།

སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་། “100%ལྔ”ཡི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་སློབ་ཞུགས་གོང་གི་སྐད་གཉིས་བུ་བཅོལ་ཁང་སྲིད་འཛིན་གྲོང་ཚོ(གྲོང་ལྷན)66.8%ལ་ཁྱབ་པ་དང་སློབ་གྲྭ་38.9%ལ་རིག་ལྡན་སློབ་གསོ་ཁྱབ་ཡོད།

འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་ཡར་རྒྱས་གསར་པ་བྱུང་ཞིང་། “དྲ་སྦྲེལ་+སྨན་བཅོས་བདེ་ཐང”སྨན་ཁང་20%ཡན་ལ་ཁྱབ་པ་དང་། ནད་གཞི་ཚབས་ཆེན་མཉམ་འགོག་མཉམ་བཅོས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལོ་གསུམ་གྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་སླེབས་སྐབས་ཐུམ་འབུའི་ནད་གཏན་ནས་མེད་པའི་བརྗིད་ཆེའི་ཁས་ལེན་མངོན་འགྱུར་ཐུབ་ཡོད།

སྤྱི་པའི་རིག་གནས་ཞབས་འདེགས་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་། ན་ནིང་རིམ་པ་ཁག་གིས་དམངས་ཕན་འཁྲབ་སྟོན་ཐེངས་7400ཙམ་བྱས་པ་དང་། རླུང་འཕྲིན་དང་བརྙན་འཕྲིན་མི་འབོར་ལ་ཕྱོགས་བསྡུས་ཁྱབ་ཚད་98.1%དང་98.6%ཟིན་པ། མང་ཚོགས་ཀྱི་རིག་གནས་དང་ལུས་རྩལ་སྒྲིག་བཀོད་ཟམ་མི་ཆད་པར་མང་དུ་སོང་བ། བྱེད་སྒོ་རྒྱུན་མཐུད་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

སྤྱི་ཚོགས་འགན་སྲུང་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་། ལྷོ་ནུབ་ཡུག་ཁུལ་གྱི་ཞིང་ཆེན་ལས་བསྒྲལ་བའི་སྒོ་བསྟེན་སྨན་ཁང་གི་སྨན་རིན་ཐད་ཀར་རྩིས་རྒྱག་མངོན་འགྱུར་བྱུང་བ་དང་། རྒས་འཁོགས་དབུལ་པོ་དང་། དབང་པོ་སྐྱོན་ཅན། བྱིས་པ་སོགས་དམིགས་བསལ་ཚོགས་སྤྱིར“འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་དང་རོགས་སྐྱོར་བྱེད་དགོས་རིགས་ཚང་མར་རོགས་སྐྱོར”མངོན་འགྱུར་བྱུང་བ། དཀའ་ངལ་ཡོད་པའི་མང་ཚོགས་ལ་རིན་གོང་ཐད་སྐབས་འཕྲལ་ཁ་གསབ་སྤྲོད་པའི་ལམ་སྲོལ་ལག་ལེན་བསྟར་འགོ་བཙུགས་པ། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི་3.9བསྐྲུན་པ། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་ཁྲི་4.4ལ་སྒྱུར་བཀོད་བྱས་ཡོད།

བདེ་འཇགས་འཕྲལ་སྡོམ་ལ་འཕེལ་རྒྱས་གསར་པ་བྱུང་ཞིང་། ལས་རིགས་དང་ཁྱབ་ཁོངས་གཙོ་བོའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་ལོ་གསུམ་བསྟུད་མར་རྒྱལ་ཁབ་ཀྱི་ཕུལ་བྱུང་དུ་བདམས་པ། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99.7%ཟིན་ནས་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

(སྒྱུར་ཞུས་པ་བསྟན་བློ་དང་མཚམས་གཅོད)