《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月28日

ཡན་ཅིན་ཧའེ་ཡིས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཚེས་26ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་ཕེབས་ནས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གཙོ་རྒྱུན་སྨྱན་སྦྱོར་གྱི་འཐབ་ས་གསར་པ་བསྐྲུན་པའི་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་བ་རེད།

འདི་ལོ་ཚུན་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཡང་དག་པའི་གླེང་ཕྱོགས་ཀྱི་སྟོན་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་དབྱར་མཚོ་རྒྱས་པ་ལྟར་གྱི་དུས་བབ་བཟང་པོ་ཇི་མ་ཇི་བཞིན་འཕྲིན་སྤེལ་བྱས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་བསྟར་བྱུང་བ་གསོན་ཉམས་དོད་པོས་དྲིལ་བསྒྲགས་བྱས་པ་མ་ཟད། རང་ལྗོངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་དུས་ཐོག་ཏུ་འཕྲིན་སྤེལ་བྱས་པར་བརྟེན་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ནུས་ལྡན་ངང་ཞབས་འདེགས་ཞུས་ཏེ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བརྟག་ཞིབ་གནང་སྐབས་ཡན་ཅིན་ཧའེ་ཡིས་ཚགས་པར་གྱི་བཅར་འདྲི་དང་རྩོམ་སྒྲིག་གི་བརྒྱུད་རིམ་ལ་རྟོག་ཞིབ་དང་། གནས་ཚུལ་ངོ་སྤྲོད་གསན་པ། ཐོན་རྫས་དཔེ་སྟོན་ལ་གཟིགས་པ་བཅས་གནང་བ་དང་འབྲེལ་བརྙན་འཕྲིན་རླུང་འཕྲིན་ལེ་ཚན་རྩོམ་སྒྲིག་དང་། ལེ་ཚན་བཟོ་བ། མཉམ་འདུས། ཐད་གཏོང་། བརྒྱུད་སྐྱེལ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཁར། ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གཙོ་བོས་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་ཐབས་ལམ་གཙོ་བོ་དང་འཐབ་ས་གཙོ་བོར་ནུས་པ་འདོན་སྤེལ་དང་ཏང་གི་རིགས་པའི་གཞུང་ལུགས་ཀྱི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་ཡག་པོ་བྱས་པར་གདེང་འཇོག་གང་ལེགས་གནང་བ་མ་ཟད། ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་རྒྱ་ཆེའི་གསར་འགྱུར་ལས་དོན་པ་ཚོར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

ཡན་ཅིན་ཧའེ་ཡིས་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་ནི་གསར་འགྱུར་དྲིལ་བསྒྲགས་ཀྱི་སྲོག་རྩ་རེད། སྨྱན་སྦྱོར་ཁག་དང་རྒྱ་ཆེའི་གསར་འགྱུར་ལས་དོན་པ་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་ངང་འགན་འཁྲི་དང་འོས་འགན་བསྒྲུབས་པ་དང་བརྒྱུད་བསྒྲགས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་གསུང་སྒྲ་རྒྱ་ཁྱབ་ངང་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས། དར་ཆ་གསལ་སྟོན་གྱི་སྒོ་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་སྟོན་ཕྱོགས། རིན་ཐང་གི་ལྟ་བ་འཛིན་ཕྱོགས་བཅས་མཐའ་འཁྱོངས་བྱས་ནས་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲིའི་ལས་འགན་དེ་བས་ལེགས་པར་འཁུར་བ་དང་གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་བསྒྲགས་ཀྱི་ནུས་པ་དང་། ཁྲིད་སྟོན་གྱི་ནུས་པ། ཤུགས་རྐྱེན་གྱི་ནུས་པ། སྤྱི་མོས་ཀྱི་ནུས་པ་བཅས་མཐོ་རུ་བཏང་ནས་གཙོ་རྒྱུན་སྨྱན་སྦྱོར་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཕུལ་བྱུང་སྲོལ་རྒྱུན་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་གཞི་རིམ་དང་། འཐབ་ས་དང་པོ། མང་ཚོགས་བཅས་ཀྱི་ཁྲོད་བསྐྱོད་ནས་འགྲོ་ནུས་དང་། ལྟ་ནུས། བསམ་ནུས། འབྲི་ནུས་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་དངོས་འབྲེལ་ཚོར་བ་དང་། རླབས་ཆེན་གྱི་དུས་རབས་ཐོ་འགོད་དང་རླབས་ཆེན་མི་དམངས་ལ་བསྟོད་གླུ་འབུལ་དགོས། ཐོག་མཐའ་བར་གསུམ་དུ་ཉམས་སད་ཐེག་པའི་གསར་འགྱུར་དཔུང་ཁག་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ཏེ། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཀུན་འདུས་སྨྱན་སྦྱོར་རྣམ་པ་དང་རིཌ་གཅིག་མཁས་ཅན་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་འགན་སེམས་ཆེ་བ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ། སྒྲིག་ཁྲིམས་ནན་པ་བཅས་ཀྱི་གསར་འགྱུར་དྲིལ་བསྒྲགས་དཔུང་ཁག་གཅིག་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)