《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月28日

ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ་དར་ཆ་གནང་བ་དང་ཆབས་ཅིག་བསླབ་སྟོན་བཀའ་སློབ་ཀྱང་གནང་སྐབས།

ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་པོ་བཅས་ཀྱི་སྒོ་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ།

ཟླ་8ཚེས་26ཉིན། ཀྲུང་གོ་མི་དམངས་ཉེན་རྟོག་པའི་དར་ཆ་སྤྲོད་པའི་མཛད་སྒོ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ་དར་ཆ་གནང་བ་དང་ཆབས་ཅིག་བསླབ་སྟོན་བཀའ་སློབ་ཀྱང་གནང་བ་རེད། འདི་ནི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ་དར་ཆ་གནང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ་དར་ཆ་སྤྲོད་པའི་མཛད་སྒོ་དེ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ་དར་ཆ་གནང་བ་དང་ཆབས་ཅིག་བསླབ་སྟོན་བཀའ་སློབ་ཀྱང་གནང་བ་དང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་མི་དམངས་ཉེན་རྟོག་པ་ཡོངས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་རང་རྒྱལ་གྱི་མི་དམངས་ཉེན་རྟོག་པ་ནི་རྒྱལ་ཁབ་ཀྱི་བདེ་སྐྱོང་སྲིད་འཛིན་དང་ཉེས་དོན་ཁྲིམས་འཛིན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ཞིང་། དེའི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་། སྤྱི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་། མི་ལུས་རང་དབང་། ཁྲིམས་མཐུན་རྒྱུ་ནོར་བཅས་སྲུང་སྐྱོང་། སྤྱི་པའི་རྒྱུ་ནོར་སྲུང་སྐྱོང་བཅས་བྱེད་པ་དང་། ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་། བཀག་འགོག ཆད་གཅོད་བཅས་བྱེད་རྒྱུ་དེ་རེད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་རང་རྒྱལ་གྱི་མི་དམངས་ཉེན་རྟོག་པས་ཏང་ལ་ལྷག་བསམ་རྣམ་དག་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) མི་དམངས་ལ་ཞབས་འདེགས། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་པོ་བཅས་དང་བློ་གཅིག་སེམས་གཅིག་གིས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བར་ལས་དོན་ཧུར་ཐག་བསྒྲུབས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མའི་ནང་གི་རྣམ་པ་བརྗིད་ཉམས་ལྡན་ལ་སྤྲོ་སེམས་འཁོལ་བ་ཞིག་ཡོད་ཅིང་། རྒྱབ་ལྗོངས་དམར་པོའི་ཐོག“ཀྲུང་གོ་མི་དམངས་ཉེན་རྟོག་པར་ཉེན་རྟོག་པའི་དར་ཆ་སྤྲོད་པའི་མཛད་སྒོ”ཞེས་པའི་ཡིག་འབྲུ་མངོན་གསལ་དོད་པོ་ཡོད་པ་དང་། ཉེན་རྟོག་པའི་གཟབ་གོས་དང་དམིགས་བསལ་ཉེན་རྟོག་པའི་སྦྱོང་བརྡར་གྱོན་ཆས་གྱོན་པའི་མི་དམངས་ཉེན་རྟོག་པ་300ལྷག་ཙམ་གྱིས་དཔའ་ཉམས་དོད་ལ་སྙིང་སྟོབས་ཆེར་སྐྱེད་ཀྱིས་གྲལ་སྟར་བསྒྲིགས་ཡོད་པ་རེད།

ཆུ་ཚོད་10དང་སྐར་མ་30ཡི་ཐོག་དར་ཆ་སྤྲོད་པའི་མཛད་སྒོ་འགོ་ཚུགས་པ་དང་། ཚོགས་ར་ཡོངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།

གཟབ་སྦྲེང་རུ་མིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དར་ཆ་སྲུང་བཞིན་གོམ་སྟབས་འགྲིག་པོས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་བསྐྱོད། ཞི་ཅིན་ཕིང་གིས་སྤྱི་བདེ་པུའི་པུའུ་ཀྲང་སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་ཀྲའོ་ཁེ་ཀྲི་དང་། རྒྱལ་ཁབ་བདེ་འཇགས་པུའི་པུའུ་ཀྲང་སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་ཁྲེན་ཝུན་ཆིང་ལ་དར་ཆ་གནང་བ་རེད། ཀྲའོ་ཁེ་ཀྲི་དང་ཁྲེན་ཝུན་ཆིང་གིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་འབྲེལ་ཞི་ཅིན་ཕིང་གི་ཕྱག་ནས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དར་ཆ་བླངས་ཏེ་ཚོགས་ར་ཡོངས་ལ་ཕྱོགས་ནས་དར་ཆ་སྟོན་པ་རེད། ཚོགས་ར་ཡོངས་ཀྱི་མི་དམངས་ཉེན་རྟོག་པས་ཉེན་རྟོག་པའི་དར་ཆར་ཕྱོགས་ནས་རྔམ་བརྗིད་ལྡན་པའི་ངང་གུས་འདུད་ཞུས་པ་རེད།

དེ་རྗེས། ཞི་ཅིན་ཕིང་གིས་བསླབ་སྟོན་བཀའ་སློབ་གནང་ཞིང་། ཁོང་གིས་དུས་ཡུན་རིང་པོའི་ནང་ཏང་གི་འགོ་ཁྲིད་འོག་རང་རྒྱལ་གྱི་མི་དམངས་ཉེན་རྟོག་པས་དམིགས་ཡུལ་དང་ལས་འགན་བློ་ལ་བརྟན་པོར་ངེས་ནས། ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་། འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་ཕོད་པ། བློས་གཏོང་དང་ལེགས་སྐྱེས་འབུལ་འདོད་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་རྒྱལ་གྱི་མི་དམངས་ཉེན་རྟོག་པ་ནི་ཏང་དང་མི་དམངས་ཀྱིས་ཡོངས་སུ་བློས་འགེལ་ཆོག་པའི་དམག་འཐབ་བྱེད་ནུས་ཆེན་པོ་ལྡན་པའི་དཔུང་ཁག་ཅིག་ཡིན་པ་ལག་ལེན་ནང་ར་འཕྲོད་བྱུང་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་མི་དམངས་ཉེན་རྟོག་དཔུང་ཁག་ལ་བླང་བྱ་4བཏོན་གནང་བ་སྟེ། གཅིག་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་དགོས། ཏང་གིས་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་དང་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་བྱེད་པའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་དར་ཆ་དར་ཆར་འཛིན་པ་དང་། ཏང་གི་ཁ་ཕྱོགས་ཁ་ཕྱོགས་སུ་འཛིན་པ། ཏང་གི་འདོད་བློ་འདོད་བློར་འཛིན་པ་བཅས་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀའ་ལ་མཐའ་གཅིག་ཏུ་ཉན་པ། ཏང་ཀྲུང་དབྱང་གི་བཀོད་འདོམས་དང་ལེན་མཐའ་གཅིག་ཏུ་ཞུ་བ་བཅས་བྱས་ཏེ་རྦད་དེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། བློས་འགེལ་ཆོག་པ་བཅས་ཀྱི་འགན་ལེན་བྱེད་དགོས། གཉིས་ནས་མི་དམངས་ལ་ཞབས་འདེགས་ཞུ་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བློ་རྩ་བརྟན་པོས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ། ཐམས་ཅད་མི་དམངས་ཀྱི་ཆེད་དུ་དང་ཐམས་ཅད་མི་དམངས་ལ་བརྟེན་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་པ། མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་བྱེད་རིང་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བཅས་བྱས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་ཆེད་ལས་དོན་ཧུར་ཐག་སྒྲུབ་དགོས། གསུམ་ནས་ཁྲིམས་འཛིན་དྲང་གཞག་ཡོང་བ་བྱེད་དགོས། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་དོ་དམ་ནན་པོ་བྱེད་པ། དབང་ཆ་སྤྱོད་རྒྱུ་ཚད་ལྡན་དུ་གཏོང་བ། དྲང་གཞག་དང་། ཤེས་དཔལ། ཁྲིམས་འཛིན་བཅས་ནན་པོ་དང་ཚད་ལྡན་ཡོང་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། ཁྲིམས་བསྟར་ཁྲིམས་འཛིན་ལ་ཀུན་གྱི་ཡིད་ཆེས་ཐོབ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་གྱོད་གཞི་དང་གནད་དོན་ཚང་མ་ཐག་གཅོད་བྱེད་རིང་མི་དམངས་མང་ཚོགས་ཚོས་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱེད་དགོས། བཞི་ནས་སྒྲིག་ཁྲིམས་ནན་དུ་གཏོང་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་ཟུང་འབྲེལ་དང་། སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཉེན་རྟོག་པ་སྐྱོང་བའི་བླང་བྱ་དོན་འཁྱོལ་ནན་པོ་དང་། ཉེན་རྟོག་པའི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་དཔུང་ཁག་སྤྱོད་གཙང་ཡོང་བ་བྱས་ཏེ། དངོས་འཐབ་ལ་དམིགས་པ་དང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་དང་། འགྱུར་མེད་ཀྱི་འགན་འཁྲི་འཁུར་སེམས། འགྱུར་མེད་ཀྱི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་། འགྱུར་མེད་ཀྱི་སྒྲིག་ཁྲིམས་དང་སྤྱོད་ཚུལ་བཅས་ལ་ཞུན་བརྡར་ནུས་ལྡན་སྤྲད་དེ། ཏང་གིས་འགོ་ཁྲིད་བྱས་པའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མི་དམངས་ཉེན་རྟོག་པའི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་པར་བྱེད་དགོས་པ་བཅས་རེད།

དར་ཆ་སྤྲོད་པའི་མཛད་སྒོའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས《ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ“ཀྲུང་གོ་མི་དམངས་ཉེན་རྟོག་པར་ཉེན་རྟོག་པའི་དར་ཆ”སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཛད་སྒོར་ཕེབས་པ་རེད།

དར་ཆ་སྤྲོད་པའི་མཛད་སྒོར་ཞུགས་མཁན་མི་དམངས་ཉེན་རྟོག་པས་མཉམ་དུ་དམ་བཅའ་བཞག་ཅིང་། དམ་བཅའི་ཚིག་ནི“ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་པོ་བཅས་ཐུབ་པ་བྱེད་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་སྤྱོད་གཙང་ཡོང་བ་བྱས་ནས། ཏང་ཐུགས་བློ་བདེ་པོ་ཡོང་བ་དང་། ལེགས་སྐྱེས་འབུལ་འདོད་པ། དཀའ་སྤྱད་ལས་རྒྱལ་ཐུབ་པ་བཅས་བྱེད་རྒྱུ”དེ་རེད།

ཀུའོ་ཧྲེང་ཁུན་གྱིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད། ཏིང་ཞུའེ་ཤང་དང་། ཀྲང་ཡིའུ་ཞ། ཁྲེན་ཤིས། ཀྲོའུ་ཆང་། ཀྲང་ཅུན་བཅས་མཛད་སྒོར་ཕེབས་པ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་མཛད་སྒོར་ཞུགས་པ་རེད།

ཀྲུང་གོ་མི་དམངས་ཉེན་རྟོག་པའི་དར་ཆ་ནི་ཚོས་གཞི་དམར་སྔོན་གཉིས་ལས་གྲུབ་ཅིང་། དར་ཆའི་རྩ་བའི་ཁ་དོག་དམར་པོ་ཡིན་པ་དང་ཉེན་རྟོག་པའི་རྟགས་དར་ཆའི་གཡོན་ཟུར་གོང་མར་བཀོད་ཡོད་པ་རེད། ཉེན་རྟོག་པའི་དར་ཆ་ནི་མི་དམངས་ཉེན་རྟོག་པའི་དཔུང་ཁག་གི་མཚོན་རྟགས་གལ་ཆེན་ཞིག་དང་། མི་དམངས་ཉེན་རྟོག་པའི་མཚན་སྙན་དང་། ལས་འགན། འགན་འཁྲི་བཅས་ཀྱི་མཚོན་རྟགས་ཡིན་པ་རེད།

(པ་ཚེ་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)