《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月27日

ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་ཚོགས་འདུའི་ཐོག

གཏན་འཁེལ་བའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་ལ་དབྱེ་ཞིབ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན། བདེ་འཇགས་ཐོན་སྐྱེད། རང་བྱུང་གནོད་འཚེ་འགོག་བཅོས་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་ཀྱིས་ཡག་པོ་བསྒྲུབ་རྒྱུའི་སྐོར་ལ་བཀོད་སྒྲིག་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་དབང་ཧའེ་ཅང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། བསྟན་ཁོ། པད་མ་དབང་འདུས། ལིའུ་ཅང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ས་ཁུལ་དང་གྲོང་ཁྱེར་ཁག་གི་གནས་ཚུལ་སྙན་སེང་གསན་རྗེས། ཝུའུ་དབྱིང་ཅེས་འདི་ལོ་ཚུན་གྱི་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་འཕེལ་རྒྱས། དབུལ་སྒྲོལ་འགག་སྒྲོལ། བརྟན་ལྷིང་སྲུང་སྐྱོང་། མཐའ་སྲུང་སྲ་བརྟན་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བྱས་པར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་། སྨན་དོན་མི་སྣ། གྲོང་སྡོད་དང་དགོན་སྡོད་ལས་བྱེད་པ། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་གུས་འདུད་ཀྱང་ཞུས་པ་རེད། མིག་སྔའི་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་རྗེས་ཝུའུ་དབྱིང་ཅེས་ནན་བཤད་གནང་བ་སྟེ།

གཅིག་ནས་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཤིང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དབྱེ་ཞིབ་དང་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། བདེ་སྡོད་ཉེན་བསམ་དང་མ་བྱུང་སྔོན་འགོག་གིས་དུས་བབ་རྙོག་འཛིང་ཆེ་ཙམ་ཡོད་པའི་ཚོད་དཔག་བྱེད་པ། ཉེན་ཁ་དང་འགྲན་སློང་ཛ་དྲག་ཙམ་ཡོད་པ་མཐོང་བ་བྱེད་པ། ཁ་གཏད་གཅོག་པའི་ལས་དོན་གྲ་སྒྲིག་དེ་བས་ཚགས་ཚུད་བྱེད་པ། ཐོག་མཐའ་བར་གསུམ་དུ་དཀའ་ངལ་ཆེ་ཤོས་ཀྱི་ཐོག་ནས་འཆར་གཞི་འདིང་བ་དང་། གྲ་སྒྲིག་གང་ལེགས་བྱེད་པ། གྲུབ་འབྲས་ཡག་ཤོས་ཐོབ་པའི་བརྩོན་ལེན་བཅས་བྱས་ནས་སྔ་ཙམ་ནས་དབྱེ་འབྱེད་དང་། སྔ་ཙམ་ནས་སྔོན་བརྡ། སྔ་ཙམ་ཤེས་རྟོགས། སྔ་ཙམ་ཐག་གཅོད་བཅས་བྱེད་ཐུབ་པ་ཏན་ཏིག་བྱེད་དགོས། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

གཉིས་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དམག་འཐབ་དྲག་པོ་དེར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་རང་རྟོགས་ངང་དབྱེ་མཚམས་གསལ་པོ་འབྱེད་པ་བཅས་བྱས་ནས་དར་ཆ་གསལ་སྟོན་གྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས།

གསུམ་ནས་སྤྱི་ཚོགས་ཀྱི་ངོས་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་། ཤང་། གྲོང་ཚོ་བཅས“ཕྱོགས་ལྔ་གཞི་གཅིག”གི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་དོན་གྱི་ལམ་སྲོལ་དང་ལས་དོན་གྱི་སྔོན་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ནས་ཁུག་མ་ལུས་པ་དང་། གསང་མ་ལུས་པ། སྟོང་ཆ་མ་ལུས་པ་བཅས་ཀྱི་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ས་ཡོམ་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེར་གཙོ་གནད་ཐོག་འགོག་ཟོན་བྱེད་པ། གེགས་འགོག་གེགས་སེལ་གྱི་སྟོབས་ཤུགས་དང་དངོས་ཟོག་གྲ་སྒྲིག་སྔར་བས་ཡག་པོ་བྱེད་པ། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།

བཞི་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་ཤིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་ཡག་པོ་དང་། ལམ་སྲོལ་ཡག་པོ། བྱ་ཐབས་ཡག་པོ་བཅས་སྔར་བས་ཕྱོགས་སྡོམ་དང་བརྟན་དུ་གཏོང་བ་དང་། སྔོན་འགོག་དང་ཚོད་འཛིན་གྱི་སྔོན་ཇུས་དེ་བས་ཞིབ་ཚགས་སུ་གཏོང་བ། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དེ་བས་ཏན་ཏིག་ཡོང་བ་བཅས་བྱས་ཏེ། རིམས་ནད་ཕྱི་ནས་འགོ་རྒྱུ་བཀག་འགོག་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། མངའ་ཁོངས་ཕྱིའི་རིམས་ནད་མཆེད་ཚུལ་ལ་དོ་སྣང་ཆེན་པོ་བྱེད་པ་དང་། མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། རིམས་ནད་ཕྱི་ནས་འགོ་རྒྱུར་འགོག་ཟོན་ནན་པོ་བྱེད་དགོས། རིམ་ཁག་སློབ་གསོ་སྲིད་འཛིན་སྡེ་ཚན་དང་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་སྟོན་དུས་ཀྱི་སློབ་འགོ་ཚུགས་པར་དམིགས་ཏེ། རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་དོ་དམ་བྱ་ཐབས་ནན་དུ་བཏང་ནས་འཕྱུགས་པ་གཏན་ནས་མི་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།

ལྔ་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། “ལྟོ་གོས་ཀྱི་གནད་དོན”དང“བསམ་བློའི་གནད་དོན”དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་མི་སེམས་གཅིག་ཏུ་སྒྲིལ་བའི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་དགོས། “སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་མང་ཚོགས་ཀྱི་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་ཡག་པོ་སྤེལ་ཏེ།“མངོན་གསལ་དོད་པའི་ལེགས་ཆ་བཅུ་གསུམ”དང“མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅུ་གསུམ”དང་ད་ལྟའི་བདེ་སྐྱིད་འཚོ་བའི་དབར་གྱི་འབྲེལ་བ་གསལ་པོར་བརྗོད་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས།

དྲུག་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཤིང་། ཁོངས་གཏོགས་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྒྱ་ཆེའི་གྲྭ་བཙུན་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་འགན་འཁྲི་ནན་དུ་བཏང་སྟེ། དོ་དམ་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་དར་ཆ་གསལ་སྟོན་གྱིས་མེད་པར་བཟོས་ཏེ། དད་ལྡན་མང་ཚོགས་ཚོར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། ད་ཆའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས།

བདུན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས་ཤིང་། རིམ་ཁག་སྡེ་ཚན་ཁག་དང་། རིམ་ཁག་གཞི་རིམ་ཏང་རྩ་འཛུགས། གྲོང་སྡོད་ལས་དོན་རུ་ཁག་ཁག དེ་བཞིན་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་བཅས་ཀྱིས་གཏོགས་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མང་ཚོགས་ལ་དམ་པོར་བརྟེན་པ། མཉམ་འགོག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཟངས་གྱང་ལྕགས་རྩིག་བརྟན་དུ་གཏོང་དགོས། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྒྲིག་ཁྲིམས་ནན་དུ་གཏོང་དགོས་ཤིང་། འགན་མ་འཁུར་བ་དང་། ལས་དོན་མ་བསྒྲུབས་པ། འགན་འཛོལ་ཤོར་ནས་མཇུག་འབྲས་ཚབས་ཆེན་བྱུང་རིགས་ལ“མི་བལྟོས་པ་གསུམ”གཞིར་བཟུང་འགན་འཁྲི་བདའ་འདེད་ནན་པོ་དང་། ཐག་གཅོད་ནན་པོ་བྱས་ཏེ་རྒྱ་ཡན་དུ་གཏན་ནས་གཏོང་མིན་པ་བཅས་རེད།

(སྤེན་པ་ཚེ་རིང་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)