《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月18日

ཏང་གི་འགོ་ཁྲིད་ནི་མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་ཡོང་བའི་རྩ་བའི་འགན་ལེན་ཡིན།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

ཆུ་མོ་ཡར་ཀླུང་གཙང་པོས་དགའ་སྤྲོའི་གླུ་དབྱངས་ལེན། རི་བོ་ཧི་མ་ལ་ཡས་འཕོ་འགྱུར་གྱི་དཔང་པོ་བྱེད། བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བ་བཅས་རིང་གི་ལོ་རྒྱུས་ནི། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅིངས་འགྲོལ་བཏང་བ་དང་། འཕེལ་རྒྱས་དོན་གཉེར། བདེ་སྐྱིད་བསྐྲུན་པ་བཅས་ཀྱི་ལོ་རྒྱུས་ཤིག་དང་། མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་བྱུང་བ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྲུང་སྐྱོབ་དང་འཕེལ་རྒྱས་བཏང་བའི་ལོ་རྒྱུས་ཤིག འཕེལ་རྒྱས་ཀྱི་བྱས་རྗེས་ངོ་མཚར་ཅན་བཏོད་པ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་ལོ་རྒྱུས་ཤིག་བཅས་ཡིན། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་ཚོ་340ལ་ཐུན་མོང་གི་བསམ་ཚུལ་ཞིག་ཡོད་པ་ནི། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་། མི་དམངས་ལ་གང་ཡང་འཐོབ་མི་ཐུབ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཚེ། གཞི་ནས་བོད་ལ་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཡོད་ངེས་དེ་ཡིན།

ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་1965ལོར་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་ནས། གནམ་ས་གསར་གཏོད་ཀྱིས་མི་དམངས་དམངས་གཙོའི་སྲིད་དབང་ཐོག་མ་བཙུགས་པ་དང་། གནམ་ས་གསར་གཏོད་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་རང་ཁྱིམ་རང་བདག་གི་དབང་ཆ་ཐོག་མར་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཏེ། བོད་ཀྱི་འཕེལ་རྒྱས་ཡར་ཐོན་ཚང་མར་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོ་དང་ལམ་ལུགས་ཀྱི་རྨང་གཞི་བཏིང་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རང་ཉིད་ཀྱི་ལས་དབང་གི་ཁ་ལོ་སྒྱུར་བ་དང་རང་ཁྱིམ་རང་བདག་གི་ལོ་རྒྱུས་ཀྱི་སྲིད་ལོ་གསར་པ་བཏོད་པ་འདི་དག་བོད་ཀྱི་གསར་བརྗེའི་ལོ་རྒྱུས་དང་། ཀྲུང་གོའི་བཅིངས་འགྲོལ་ལོ་རྒྱུས། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལོ་རྒྱུས། མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཚང་མར་གལ་འགངས་ཧ་ཅང་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས། ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ནས་གསར་གཏོད་རང་བཞིན་ལྡན་པའི་ངང་དུས་རབས་གསར་པའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་བཏོན་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་གལ་ཆེན་ཁག་གཅིག་གཏན་འཁེལ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོ་བ། སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་བཀོད་ཇུས་འདིང་བ་བཅས་གནང་ནས། དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་ཡར་ཐོན་ཡོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན། ཤུགས་ཆེའི་སྒུལ་ཤུགས་སྣོན་པ་བཅས་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་དྲིན་ཚོར་ཞིང་མདུན་སྐྱོད་བྱས་པས་བོད་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དེང་གི་བོད་ལྗོངས་སུ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་དར་རྒྱས་གོང་འཕེལ། སྤྱི་ཚོངས་ཕྱོགས་ཡོངས་ནས་ཡར་ཐོན། སྣོད་བཅུད་རྒྱུན་མཐུད་ལེགས་པ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་མཚམས་སྲ་བརྟན། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཆེ་རུ་ཕྱིན་ཡོད། བོད་ལྗོངས་འདི་ཉིད་འཕེལ་རྒྱས་བརྟན་ལྷིང་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་གནས་ཡོད། བོད་ལྗོངས་གསར་པའི་འཕེལ་རྒྱས་དང་ཡར་ཐོན་མཐའ་དག་ནི་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་གཞི་ནས་བྱུང་བ་དང་། ཁྱད་འཕགས་ཤིན་ཏུ་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་གཞི་ནས་གྲུབ་པ། དྲོ་སྐྱིད་ཧ་ཅང་ཆེ་བའི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་གཞི་ནས་ལོངས་སྤྱོད་ཐུབ་པ་ཞིག་རེད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་ཧ་ཅང་བརྟན་པོ་ཡོད་པ་དང་། ཀུན་སེམས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ཕྱོགས་སུ་ཞུམ་པ་མེད་པར་མདུན་སྐྱོད་བྱེད་བཞིན་ཡོད།

( པ་ཚེ་དང་། ཚེ་ལྷ། དཔའ་མོ་བཅས་ཀྱིས་སྒྱུར་ཞུས་བྱས)