《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月14日

རླངས་འཁོར་ཉམས་བཟོ་ཁང་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་གསར་པ་བཏོད་པ།

—— འདམ་གཞུང་རྫོང་གནམ་མཚོ་ཤང་གི་ཤེས་རབ་ཚེ་རིང་གི་དབུལ་སྒྲོལ་སྐོར་བཀོད་པ།

ས་བབ་མཐོ་ཚད་སྨི་5190ཡོད་པའི་ན་རྒན་ལ་བརྒྱབ་རྗེས་སྔོ་ཞིང་དྭངས་བའི་གནམ་མཚོ་དང་ཡངས་ཤིང་རྒྱ་ཆེ་བའི་གནམ་མཚོའི་རྩྭ་ཐང་མིག་ལམ་དུ་འཆར་ཞིང་། གནམ་མཚོར་སྐྱོད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུའི་ཐོག“དབུལ་སྐྱོར་དམངས་ཕན་རླངས་འཁོར་དང་སྦག་སྦག་ཉམས་བཟོ་ཁང”ཞེས་པའི་ཡི་གེ་དག་མིག་ལམ་དུ་ལྷམ་མེར་མངོན། འདི་ནི་ཤེས་རབ་ཚེ་རིང་གིས་གཉེར་བའི་རླངས་འཁོར་དང་སྦག་སྦག་ཉམས་བཟོ་ཁང་རེད།

ཤེས་རབ་ཚེ་རིང་ནི་འདམ་གཞུང་རྫོང་གནམ་མཚོ་ཤང་གནམ་མཚོ་གྲོང་ཚོ་ནས་རེད། 2015ལོའི་ལོ་མཇུག་ཏུ་ངལ་རྩོལ་ནུས་ཤུགས་མི་འདང་བ་དང་ཕྲུ་གུ་3སློབ་གྲྭར་འགྲོ་བ་སོགས་ཀྱིས་རྐྱེན་པས་ཤེས་རབ་ཚེ་རིང་ཁྱིམ་གནམ་མཚོ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་འཇུག་རྒྱུའི་རེ་འདུན་ཞུས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཐོབ་ཐང་ཐོབ་རྗེས། གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ལོངས་སུ་སྤྱོད་འགོ་ཚུགས་ཡོད།

ཤེས་རབ་ཚེ་རིང་དེ་སྔ་འདམ་གཞུང་རྫོང་ལས་རིགས་ལག་རྩལ་སློབ་གྲྭར་ཉམས་བཟོའི་ལག་རྩལ་ལོ་གསུམ་སྦྱངས་མྱོང་ཡོད་ཅིང་། དུས་རྒྱུན་དུ་གྲོང་ཚོའི་ནང་གྲོང་མིར་སྦག་སྦག་དང་ཁྱིམ་སྤྱོད་གློག་ཆས་ཆུང་ཆུང་བཟོ་རོགས་བྱེད་ཀྱི་ཡོད། འོན་ཀྱང་རྩལ་ནུས་དེ་ཁོ་ནར་བརྟེན་ན་ཁྱིམ་ཁ་གསོ་བ་དང་ཁྱིམ་དར་ཕྱུག་འགྱུར་ཡོང་ཐབས་བྲལ།

2017ལོར་གྲོང་པ་ཁྱིམ་མཚེས་རྣམས་རིམ་བཞིན་དབུལ་སྒྲོལ་ཐུབ་པ་མཐོང་སྐབས། ཤེས་རབ་ཚེ་རིང་གིས་རང་ཉིད་ཀྱིས་ཉམས་བཟོའི་ལག་རྩལ་བྱང་ཆུབ་པ་སྦྱངས་ནས་གྲོང་ཚོའི་ནང་རླངས་འཁོར་དང་སྦག་སྦག་ཉམས་བཟོ་ཁང་གཉེར་སྐྱོང་བྱ་རྒྱུའི་བསམ་ཚུལ་གྲོང་ཚོ་ཨུ་ལྷན་དང་གྲོང་སྡོད་ལས་དོན་རུ་ཁག་ལ་བློ་ཁོག་ཆེན་པོས་བཤད། ཁོང་གི་བསམ་ཚུལ་དེར་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གི་ཁས་ལེན་མགྲིན་གཅིག་ཏུ་ཐོབ། གྲོང་སྡོད་ལས་དོན་རུ་ཁག་གིས་ཁོང་ལ་བོད་ལྗོངས་ཏའོ་ཧྲན་ལས་གྲྭ་འཕྲུལ་ཆས་ཚད་ཡོད་ཀུང་སིར་དུས་ཡུན་ཟླ་གསུམ་རླངས་འཁོར་ཉམས་བཟོའི་གསོ་སྦྱོང་ལ་ཞུགས་སུ་བཅུག་པ་དང་འབྲེལ། ཀུང་སི་དེ་དང་མཐུན་སྦྱོར་གང་ལེགས་བྱས་ཏེ་ཁོང་ལ་ལོ་ལྔའི་རིང་སྐྱེད་ཀ་མེད་པར་མ་དངུལ་སྒོར་ཁྲི་10རླངས་འཁོར་གྱི་ལྷུ་ལག་ཉོ་རྒྱུར་གཡར་རོགས་བྱས།

ལོ་དེར་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ཁག་ཐེག་བྱས་ཏེ་ཁོང་ལ་ཞིང་འབྲོག་མང་ཚོགས་ཀྱི་འབོར་ཉུང་དངུལ་བུན་སྒོར་ཁྲི་7བརྩོན་ལེན་བྱས་ཡོད། མི་རིང་བའི་2017ལོའི་ཟླ་9པར་ཤེས་རབ་ཚེ་རིང་གི“གནམ་མཚོ་གྲོང་ཚོའི་དབུལ་སྐྱོར་དམངས་ཕན་རླངས་འཁོར་དང་སྦག་སྦག་ཉམས་བཟོ་ཁང”དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད།

ཤེས་རབ་ཚེ་རིང་གི་ཉམས་བཟོ་ཁང་ལ་ཅ་ལག་ཆ་ཚང་བ་དང་། ལག་རྩལ་བྱང་ཆུབ་པ། ཐག་ཉེ་བ་བཅས་ཀྱི་ལེགས་ཆ་ལྡན་པ་མ་ཟད། ད་དུང་གྲོང་མི་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་ནི་རིན་གོང་ཁེ་པོ་ཡོད་པ་རེད། ཐོག་མར། ཁོང་གི་ཚོང་ཁང་དུ་རླངས་འཁོར་ཉམས་བཟོ་བྱེད་པར་ཡོང་མཁན་མང་ཆེ་བ་གྲོང་ཚོའི་ནང་གི་མི་ཡིན་ཞིང་། རླངས་འཁོར་གྱི་ལྷུ་ལག་སྔར་བས་ཇེ་འཛོམས་སུ་དང་རླངས་འཁོར་ཉམས་བཟོ་བྱེད་པའི་ལག་རྩལ་ཇེ་ལེགས་སུ་ཕྱིན་ནས་སྐད་གྲགས་གར་སར་ཆོད་རྗེས། ཉེ་འཁོར་གྲོང་ཚོའི་འབྲོག་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ། ཐ་ན་ནག་ཆུའི་མགྲོན་པོ་ཡང་ཁོང་གི་སར་རླངས་འཁོར་བཟོ་བར་ཡོང་གི་ཡོད།

ཚོང་ཉིན་རེ་བཞིན་ཡག་ཏུ་སོང་བ་དང་སྦྲགས། འཚོ་བའང་ཉིན་རེ་བཞིན་ལེགས་སུ་ཕྱིན་པས་ཤེས་རབ་ཚེ་རིང་གི་སྙིང་སྟོབས་སྔར་བས་ཇེ་ཆེར་འཕེལ། འདི་ལོའི་ཟླ་3པར། ཁོང་གིས་སྒོར་ཁྲི་17བཏང་ནས་ད་ཆའི་རྒྱ་ཁྱོན་སྨི་ངོས་གྲུ་120ཟིན་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་དེ་ཉོས་པ་དང་འབྲེལ་བུ་ལོན་ཡང་ཚང་མ་གཙང་འཇལ་ཐུབ་ཡོད། ད་ཆ་ཁོང་ལོ་བཞིའི་གོང་གི་ཡོང་འབབ་དམའ་བའི་དུད་ཚང་དབུལ་པོ་ནས་གྲོང་ཚོའི་ནང་སྐད་གྲགས་ཡོད་པའི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་པ་མ་ཟད། ད་དུང་2018ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི“འབད་འབུངས་ཡར་བརྩོན་གྱི་བྱ་དགའ”ཡང་ཐོབ་ཡོད་པ་རེད།