《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月14日

“གནས་དང་གནས་སྦྲེལ་མཐུད”ཀྱིས“ཚོགས་སྒྲིག་ རྣམ་པའི”ལས་ཞུགས་བྱས་པ།

—— རང་ལྗོངས་ཀྱིས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་བར་ཚད་བརྒལ་གསར་པ་བྱུང་བ།

ཕྱི་ནང་མཉམ་འགུལ་བྱས་ནས་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ།

འདི་ལོ་ཚུན་དུ། རང་ལྗོངས་ཀྱིས་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རྣམ་གྲངས་ལ་ལས་མི་སྤྱོད་པ། ལས་ཞུགས་ཀྱི་ཁ་གསབ་སྤྲོད་པ་སོགས་ཐད་ཀྱི་སྲིད་ཇུས་ཀྱི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། ཉེ་སར་ལས་ཞུགས་སྟབས་བདེ་ཡོང་བ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་དང་ས་གནས་ཁག་གིས་ལས་གྲྭའི་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་ལ་བརྟེན་ནས་གཅིག་སྡུད་ཐོག་ལས་གནས་ཡོངས་བསྒྲགས་དང་ལས་མི་སྦྲེལ་མཐུད་ཕྱིར་གཏོང་གནད་སྨིན་བྱས་པས། ཞིང་འབྲོག་པ་ཁྲི་6.5ཉེ་སར་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། སྒྲིག་འཛུགས་ལྡན་པའི་ངལ་ནུས་ཕྱིར་གཏོང་ཏན་ཏིག་ཐུབ་པ། ཞིང་འབྲོག་པའི་ལས་མི་མཉམ་འབྲེལ་རུ་ཁག་དང་ངལ་ནུས་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བཅས་བྱུང་ནས་གནས་ཕན་ཚུན་སྦྲེལ་མཐུད་ངང་ཞིང་འབྲོག་པ་མི་ཁྲི་3.9ཕྱིར་གཏོང་ཐུབ་ཡོད།

ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས་ངལ་རྩོལ་གྱི་ལས་མི་སྤྱོད་པའི་སྦྲེལ་མཐུད་ལམ་སྲོལ་ཟམ་མི་ཆད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ལས་མིའི་མཉམ་འབྲེལ་རུ་ཁག་རིགས་ཕྱེ་ནས་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ལ་བརྡ་ཁྱབ་བཏང་བས། ངལ་རྩོལ་ལས་སྤྱོད་དང་ལས་ཞུགས་གཞན་སྒྱུར་ཐད་ལས་ཕྱོད་ཆེ་བའི་འབྲེལ་མཐུད་བྱུང་ཡོད། ཟླ་5པའི་ཟླ་འགོ་བར་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱི་ལས་གནས་8429བསྡུས་པ་དང་ཆབས་ཅིག ལས་གནས་ལེགས་སྒྲིག་བྱས་ཏེ། རྫོང་དང་ཆུས་ཁག་ལ་དུས་ཐོག་ཏུ་མཁོ་འདོན་བྱས་པས་གྲོང་ཁྱེར་ཡོངས་ཀྱི་མི་19557ལས་ཞུགས་གཞན་སྒྱུར་ཐུབ་ནས་འབབ་འཕར་སྒོར་ཁྲི་8217.59བྱུང་ཡོད།

རང་ལྗོངས་ཀྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རིགས་ཁག་གི་གླིང་ཁུལ་དང་མཉམ་ལས་རྩ་འཛུགས་སོགས་ཞིང་འབྲོག་པ་ལས་ཞུགས་བརྟན་པོ་ཡོང་བའི་ཚད་བརྒལ་བྱ་གཞི་གཙོ་བོར་བརྩིས་ཏེ། རང་སྐྱོང་ལྗོངས་མི་སྤྱི་སྡེ་ཚན་གྱིས་ལས་ཞུགས་གཞན་སྒྱུར་གྱི་རྟེན་གཞིའི་དོ་དམ་བྱ་ཐབས་བཟོས་པ་དང་། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱི་རྟེན་གཞི་600ཡན་བསྐྲུན་རྒྱུར་བརྩོན་ལེན་བྱས་པས་ཞིང་འབྲོག་པ་ཁྲི་6ཡན་ལ་སྤུས་ཚད་མཐོ་བའི་ལས་ཞུགས་བརྟན་པོ་བྱུང་ཡོད།

ལས་ཞུགས་ཀྱི་རྩལ་ནུས་མཐོ་རུ་བཏང་བ།

ཉིང་ཁྲི་གྲོང་ཁྱེར་གྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་དམིགས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་ལས་མི་སྤྱོད་པའི་དགོས་མཁོར་དམ་པོར་དམིགས་ཏེ《2020ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ལས་དོན་ཇུས་གཞི》བཟོས་ནས་བཀྲམ་པ་དང་། “ལོ་ཧྲིལ་པོར་མི་ཁྲི་1.53ཡན་ལ་ངལ་རྩོལ་པའི་རྩལ་ནུས་གསོ་སྦྱོང་སྣ་ཚོགས་བྱ་རྒྱུའི་འཆར་གཞིའི་ནང་ཞིང་འབྲོག་པ་མང་ཚོགས་ཁྲི་1.35ཡན་ཚུད་ཡོད།

ཁྲོན་བོད་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་ཐད་ལས་མི་སྤྱོད་པའི་དགོས་མཁོ་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། ངར་ལྕགས་དང་། གློག་ཚ། ལས་གྲྭའི་འཕྲུལ་ཆས་ཉམས་བཟོ་སོགས“མངགས་ཐོ་རྣམ་པའི་གསོ་སྦྱོང”ཧུར་ཐག་བྱས་པར་མིང་ཐོ་འགོད་མཁན་མི་295ཟིན་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་རྩལ་ནུས་མཐོར་གཏོང་ལ་དམིགས་ཏེ་རིམས་ནད་ཀྱིས་རྐྱེན་པས་ངལ་ནུས་དཀོན་པའི་ལས་རིགས་ལ་གཙོ་གནད་ཐོག་ཁ་ཕྱོགས་པ་དང་། “གྲོང་ཚོར་གསོ་སྐྱོང་བྱེད་པ”སོགས་རྩལ་ནུས་གསོ་སྦྱོང་གི་རྣམ་པ་མུ་མཐུད་ནས་ལག་བསྟར་ཡག་པོ་བྱེད་པ་དང་དུས་མཚུངས་ཐོན་ལས་སྦྲེལ་མཐུད་དང་། རྣམ་གྲངས་སྦྲེལ་མཐུད། ཁྲོམ་ར་སྦྲེལ་མཐུད། ཁེ་ལས་སྦྲེལ་མཐུད་བཅས་ཧུར་ཐག་བྱས་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་གི་དངོས་ཕན་རང་བཞིན་དང་དམིགས་སའི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གསོ་སྦྱོང་རྗེས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་བཏང་ཡོད། ཟླ་5ཚེས་7ཉིན་བར་ལྷོ་ཁ་གྲོང་ཁྱེར་གྱིས་གསོ་སྦྱོང་མ་དངུལ་སྒོར་ཁྲི་376.77བཏང་ནས་ངལ་ནུས་སྣ་ཚོགས་མི་750ལ་གསོ་སྦྱོང་བྱས་པ་དང་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་123ཡོད།

རྩ་འཛུགས་ཅན་གྱི་ངལ་ནུས་ཕྱིར་གཏོང་བྱས་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།

ཆབ་མདོ་གྲོང་ཁྱེར་དུ་ངལ་ནུས་ཕྱིར་གཏོང་ཀུང་སི་11བསྐྲུན་པ་དང་། ངལ་ནུས་བར་འབྲེལ་བ་དང་ངལ་ནུས་མཉམ་ལས་ཁང་461ཡོད་པ་ལས་ཞིང་འབྲོག་པ་7091ལ་སྣེ་ཁྲིད་བྱས་པ། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་0.65བྱུང་ཡོད། ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཀྱིས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་བ་དེས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་བྱས་པའི་སྤྱི་འབོར་གྱི་30%ཙམ་བཟུང་བ་དང་རིམ་བཞིན་འཕར་བའི་རྣམ་པ་མངོན་ཡོད།

རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས། 2020ལོར་རང་ལྗོངས་ཀྱིས་ཞིང་འབྲོག་པའི“དངོས་ཚན་ཅན”དང“སྒྲིག་འཛུགས་ཅན”གྱི་ལས་ཞུགས་གཞན་སྒྱུར་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཞིང་འབྲོག་པ་མི་ཁྲི་60ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་42ཡོང་བའི་བརྩོན་ལེན་བྱ་རྒྱུ་དང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ངལ་ནུས་རང་བཞིན་གྱི་ཡོང་འབབ་2019ལོ་ལས་20%ཡན་འཕར་བའི་དམིགས་ཚད་གཏན་འཁེལ་བྱས་ཡོད། གཞན་ཡང་ལོ་མཇུག་ཏུ་ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཁྱོན་ཡོངས་ལ་ཁྱབ་པའི་བརྩོན་ལེན་བྱ་རྒྱུ་དང་ལོ་ཧྲིལ་པོར་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་གྲངས་འབོར་གྱིས་ལས་ཞུགས་གཞན་སྒྱུར་མི་གྲངས་བསྡོམས་འབོར་གྱི་བསྡུར་གྲངས་བཟུང་ཚད་30%ལས་བརྒལ་བའི་བརྩོན་ལེན་བྱ་རྒྱུ་རེད།