《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月14日

དངུལ་ཁང་གིས་ཁེ་ལས་དཀའ་ངལ་ལས་སྒྲོལ་བར་རོགས་རམ་བྱས་པ།

—— དངུལ་རྩས་རང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་སྐོར་བཀོད་པ།

འདི་ལོའི་ལོ་འགོར། ལྗོངས་ནང་ཁུལ་གྱི་ཁེ་ལས་ག་གེ་མོར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་དངོས་ཟོག་ཉོ་སྒྲུབ་ཐད་མ་དངུལ་གྱི་དཀའ་ངལ་འཕྲད་སྐབས། ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཀུན་ཕན་དངུལ་རྩའི་བྱ་གཞག་པུས་འཕྲལ་མར་རྣམ་གྲངས་ཚོགས་ཆུང་བཙུགས་ནས་རང་འགུལ་ངང་སྒོ་རྩར་དངུལ་རྩའི་ཞབས་འདེགས་ཞུས་པ་རེད།

འདི་ནི་ཁེ་ལས་དེའི་འཐུས་མིས་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ལ་གོས་དར་ཕུལ་བ།

མི་དམངས་དངུལ་ཁང་ཆབ་མདོ་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལས་དོན་མི་སྣས་དངུལ་རྩའི་སྲིད་ཇུས་གསལ་འགྲེལ་བྱེད་བཞིན་པ།

དམངས་གཉེར་ཁེ་ལས་ལས་འགོ་བསྐྱར་དུ་ཚུགས་པར་སྐུལ་འདེད་གཏོང་བ།

འདི་ལོའི་ཟླ་4པར་རང་ལྗོངས་སུ་ལོ་རྒྱུས་ཐོག་གི་གཡར་དངུལ་ཆད་གྲངས་ཐོག་མར་ཐོན་ཡོད། ཟླ་6པའི་ཟླ་མཇུག་བར་རང་ལྗོངས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་4875.44ཟིན་པ་དེ་དུས་མཚུངས་ལས་4.92%འཕར་ཡོད། ཁེ་ལས་ཀྱི་དངུལ་བུན་གྲངས་གཞི་ལས་མངོན་པར། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

སྤོ་བོ་རྫོང་ཡིད་འོང་ཇ་རའི་ནང་། ཞིང་ལས་དངུལ་ཁང་གི“གངས་ལྗོངས་ཞིང་ཕན་eདངུལ་བུན། བོད་ཇའི་དངུལ་བུན”ལེན་མཁན་གྱི་ཚོང་པ་ཁག་དང་པོ་བསོད་ནམས་ཆོས་འཕེལ་གྱི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར། ཡུན་རིང་མ་སོང་གོང་ཁོང་གིས་འདི་ལོའི་ཇ་རའི་མ་དངུལ་འཁོར་རྒྱུག་གི་གནད་དོན་ལ་སེམས་ཁྲལ་བྱེད་ཀྱི་ཡོད། “སྟབས་ལེགས་པ་ཞིག་ལ་ཞིང་ལས་དངུལ་ཁང་ཡོད་པས་ཁོང་ཚོས་རང་འགུལ་ངང་གནད་དོན་ཐག་གཅོད་བྱེད་རོགས་བྱས་བྱུང་། ད་དུང་དངོས་སུ་སྒོ་རྩར་ཡོང་ནས་དཔྱད་ཡིག་བརྟག་དཔྱད་འཚོལ་བསྡུ་དང་དྲ་ཐོག་ནས་དངུལ་བུན་རེ་ཞུ་བྱེད་སྟངས་བསླབས་པས་ཉིན་གསུམ་ནང་དངུལ་བུན་རག་བྱུང་ཞེས་བརྗོད་པ་རེད།

“གངས་ལྗོངས་ཞིང་ཕན་eདངུལ་བུན། བོད་ཇའི་དངུལ་བུན”ནི་རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ལས་འགོ་བསྐྱར་དུ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་བསྡུས་རིས་ཤིག་རེད། གྲངས་གཞི་ལས་མངོན་པར། ཟླ་6པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་དངུལ་བུན་ཁག་སྒོར་དུང་ཕྱུར་180མང་དུ་ཕྱིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་220འཕར་ཡོད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་། ཞིང་ལས་དངུལ་ཁང་། བོད་ལྗོངས་དངུལ་ཁང་བཅས་ཀྱིས་ད་དུང་མཉམ་དུ་ཛ་དྲག་འཁོར་རྒྱུག་མ་དངུལ་སྒོར་དུང་ཕྱུར་100གྲ་སྒྲིག་བྱས་ཡོད། དངུལ་ཁང་ཚོགས་པའི་དངུལ་བུན་གཏོང་སྟངས་ལ་བརྟེན་ནས་མ་གནས་དམའ་བའི་མ་དངུལ་བཏང་སྟེ་གཙོ་གནད་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་ཡོད།

རིམས་ནད་ཐོན་པ་ནས་བཟུང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་འགན་ལེན་མིང་ཐོའི་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་དུས་ཐོག་དང་ནུས་ལྡན་ངང་རྒྱབ་སྐྱོར་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་འགན་ལེན་ཁེ་ལས་ཀྱི་མིང་ཐོ》མཐུན་སྦྱོར་ངང་བཟོས་ཡོད། གཟིགས་སྐྱོང་སྐྱེད་ཚད་ཀྱི་དངུལ་བུན་ཁྱོན་ཡོངས་ལ་ཁྱབ་ནས་ཁེ་ལས་91ལ་དངུལ་བུན་སྒོར་དུང་ཕྱུར་19.05བཏང་ཡོད།

དམངས་གཉེར་ཁེ་ལས་ལ་དངུལ་རྩའི་ཞབས་འདེགས་གང་ལེགས་ཞུས་པ།

ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་ངལ་ཆུང་དུ་གཏོང་རྒྱུར་དམ་པོར་དམིགས་ནས། དྲིལ་བསྒྲགས་ལྟ་སྐུལ་མཛུབ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལས་དོན་ཧུར་ཐག་སྤེལ་ཏེ་སྲིད་ཇུས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། འདི་ལོ་ཚུན་དུ་རང་ལྗོངས་ཀྱི་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩའི་རྒྱབ་སྐྱོར་ལ“གྲངས་ཚད་འཕར་བ་དང་། རིན་གོང་གཅོག་པ། སྤུས་ཚད་མཐོ་བ། ཁྱབ་རྒྱ་ཆེ་བ”བཅས་ཀྱི་རྣམ་པ་མངོན་ཡོད། ཟླ་6པའི་ཟླ་མཇུག་བར། ཚོང་དུད་གཅིག་གི་ཡིད་རྟོན་དངུལ་བུན་གཡར་ཚད་སྒོར་ཁྲི་1000མན་ཟིན་པའི་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་65.68ཟིན་པ་དེ་དུས་མཚུངས་ལས་55.03%འཕར་ཡོད། གྲངས་གཞི་ལས་མངོན་པར། ལོ་སྟོད་དུ། ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིས“ཁེ་ལས་བརྟན་པོ་དང་ལས་ཞུགས་འགན་ལེན”གྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ། ཁེ་ལས་ལ་སྤྲད་པའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་3800ལྷག་ཙམ་ཟིན་ནས་སྒོར་དུང་ཕྱུར་148.04གསར་དུ་འཕར་ཡོད།

རང་ལྗོངས་ཀྱི་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས“ཆུང་བ་དང་། ཁ་ཐོར། ཞན་པ”བཅས་ཀྱི་ཁྱད་ཆོས་ལ་དམིགས་ནས། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས“དངུལ་ཁང་བརྒྱ་ཡིས་ཁེ་ལས་བརྒྱར་རོགས་སྐྱོར་བྱེད་པ་དང་ཧང་ཀྲང་བརྒྱ་ཁེ་ལས་བརྒྱར་ཞུགས་པའི”འཆར་གཞི་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་བྱས་པ་རེད། ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་དང་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་རྒྱུས་ལོན་གཏིང་ཟབ་བྱས་ཏེ་ཁེ་ལས་ལ་ཧེ་བག་ཅན་གྱི་མ་དངུལ་བསྡུ་སྒྲིལ་གྱི་ཇུས་གཞི་བཟོས་ནས་ནོར་དོན་དང་། ཁྲལ་དོན། མ་དངུལ་བསྡུ་སྒྲིལ་སོགས་ཀྱི་ལེ་ལག་ཚང་བའི་ཞབས་འདེགས་མཁོ་འདོན་བྱས་ཡོད། མིག་སྔའི་བར། བོད་དུ་ཡོད་པའི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་15ཡིས་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས། ཁེར་རྐྱང་བཟོ་ཚོང་ཚོང་དུད། དཔལ་འབྱོར་མཉམ་ལས་རྩ་འཛུགས་བཅས་787ལ་འཚམས་འདྲི་བྱས་ནས་མ་དངུལ་སྒོར་དུང་ཕྱུར་71.57ཐག་གཅོད་བྱས་ཡོད།

ཐབས་ལམ་མང་པོར་བརྟེན་ནས་ཁེ་ལས་ལ་མ་དངུལ་བསྡུ་རུབ་བྱེད་བདེ་རུ་བཏང་བ།

ཟླ་4པར། སྐྱིད་བཟང་ལྷུན་གྲུབ་མི་རིགས་རྒྱན་གོས་འཕེལ་རྒྱས་ཚད་ཡོད་ཀུང་སིར་མ་དངུལ་གྱི་དཀའ་ངལ་འཕྲད་རྗེས། ཀྲུང་གོ་དངུལ་ཁང་ནག་ཆུ་ཉིང་ལག་དངུལ་ཁང་གིས་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ལས་སྒོའི་རྒྱབ་ལྗོངས་དང་ཚོང་མགྲོན་གྱི་དོན་དངོས་གཞིར་བཟུང་། ཀྲུང་གོ་དངུལ་ཁང་གི་ཡིད་རྟོན་ཐོན་རྫས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་རྩིས་ཁྲར་འཁོད་པའི་དངུལ་གཏའ་མར་འཇོག་པའི་རྣམ་པར་བརྟེན་ནས། ཁྲལ་བསྡུའི་རྩིས་ཁྲར་འཁོད་པའི་དངུལ་བསྡུའི་ལས་སྟེགས་དང་དེ་བཞིན་ཀྲུང་ཏེང་དྲ་བའི་ཐོག་གཏའ་འཇོག་ཐོ་འགོད་སོགས་ཀྱི་འགྲོ་ལུགས་དོན་འཁྱོལ་བྱས་རྗེས་དངུལ་བུན་སྒོར་ཁྲི་100གཡར་བ་རེད།

དངུལ་རྩའི་སྒྲིག་གཞི་ཁག་གིས་དྲ་ཐོག་གི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོའི་ཞབས་འདེགས་ལས་སྟེགས་ཧུར་ཐག་བསྐྲུན་ཏེ། ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོའི་ཐབས་ལམ་འདོན་པའམ་འབྲེལ་མཐུད་བྱེད་པར་སྟབས་བདེ་བསྐྲུན་ནས་བསྡུ་དགོས་ངེས་ཀྱི་རྩིས་ཁྲའི་མ་དངུལ་བསྡུ་སྒྲིལ་ཞབས་ཞུ་དེ་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་དཀའ་ངལ་ཆུང་དུ་གཏོང་བའི་ཚད་བརྒལ་ཡོང་གཞི་གལ་ཆེན་ཞིག་ལ་བརྩིས་ཡོད། བསྡུ་དགོས་པའི་རྩིས་ཁྲའི་མ་དངུལ་བསྡུ་སྒྲིལ་གྱི་ཞབས་ཞུའི་ལས་སྟེགས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས། དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་ཀྱི་ལས་སྟེགས་ལ་ཞུགས་ཚད་དང་མ་དངུལ་བསྡུ་སྒྲིལ་བྱུང་ཚད་མཐོ་རུ་ཏན་ཏིག་བཏང་ཡོད། ལོ་སྟོད་དུ་ལས་སྟེགས་བརྒྱུད་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱིས་མ་དངུལ་བསྡུ་སྒྲིལ་ཐེངས་38བྱས་པར་ཁྱོན་སྒོར་དུང་ཕྱུར་13.78ཟིན་པ་དང་། དེའི་མ་དངུལ་བསྡུ་སྒྲིལ་ཐེངས་གྲངས་དང་དངུལ་འབོར་གྱིས་སྤྱིའི་ཐེངས་གྲངས་དང་དངུལ་འབོར་གྱི་92%དང་91%སོ་སོར་བཟུང་ཡོད་པ་རེད།