《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月13日

ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་11ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས། གྲོང་ཁྱེར་དང་ས་ཁུལ་ཁག་དང་། སྡེ་ཚན་ཁག་གི་སྙན་སེང་ཉན་པ་དང་འབྲེལ་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས། ལས་ཞུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པ། ཞན་ཆ་སེལ་བ་དང་ལེགས་ཆ་འདོན་པ། ཕྱོགས་ཡོངས་ནས་ལས་ཞུགས་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ། “ལས་ཞུགས་བརྟན་གཏོང་གི་རྒྱུན་སྲིང་དམག་འཐབ་ཡག་པོ་རྒྱག་པ”བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ལས་ཞུགས་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཏིང་ཡེ་ཤན་གྱིས་ཉེ་དུས་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལས་ཞུགས་ནི་དམངས་འཚོའི་དོན་དག་ཆེ་ཤོས་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་ཞུགས་དེ“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་གནས་བབ་ཨང་དང་པོར་བཞག་ཡོད། ལྷག་པར་དུ་ཉེ་བའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་གྱི་སློབ་ཐོན་སློབ་མར་སྤྲིངས་པའི་འཕྲིན་ལན་དང་། ཅི་ལིན་ཞིང་ཆེན་དུ་རྟོག་ཞིབ་གནང་སྐབས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་བཅས་ཀྱི་ཐོག་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་ང་ཚོར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱེད་ཆེད་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་དགོངས་དོན་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ། ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ། ལས་ཞུགས་བརྟན་པོ་ཡོང་བ་ནི་དམངས་འཚོ་བརྟན་པོ་དང་སྤྱི་ཡོངས་བརྟན་པོ་ཡོང་བ་ཞིག་ཡིན་པའི་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལེགས་སྒྲུབ་ཡག་པོ་བྱེད་པ། བྱ་བཟང་འདི་ཡག་པོ་སྒྲུབ་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་བཅས་བྱས་ཏེ་བསམ་བློའི་ཐུན་མོང་གི་ངོས་འཛིན་ཆེན་པོ་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད། ( བསོད་ནམས་དཔའ་མོས་བསྒྱུར། པ་ཚེས་ཞུས)