《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月13日

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ།

ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་ཕུལ་བྱུང་ལེགས་སྐྱེས་ཕུལ་མཁན་ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀར་རྒྱར་མཚན་རྟགས་བཀོད་གནང་བ་དང་། ཚེས་11ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་ཕུལ་བྱུང་ལེགས་སྐྱེས་ཕུལ་མཁན་ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། ཀྲུང་ནན་ཧྲན་ལ“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”སྤྲད་པ་དང་། ཀྲང་པོ་ལི་དང་། ཀྲང་ཏིང་ཡུས། ཁྲེན་ཝེ(བུད་མེད)བཅས་ལ“མི་དམངས་དཔའ་བོའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་དགའ་སྐྱོ་གཉིས་ལྡན་གྱི་སྔོན་ཐོན་དཔེ་མཚོན་འབོར་ཆེན་ཞིག་ཐོན་ཡོད། འཐབ་རྩོད་འདིའི་ནང་ཕུལ་བྱུང་ལེགས་སྐྱེས་ཕུལ་མཁན་གྱི་དཔེ་བཟང་མི་སྣར་གཟེངས་བསྟོད་ཆེན་པོ་སྤྲོད་པ་དང་། ཁོང་ཚོའི་ལྷག་བསམ་ཟོལ་མེད་དང་། འགན་འཁྲི་འཁུར་བ། ལེགས་སྐྱེས་འབུལ་བ་བཅས་ཀྱི་བླ་ན་མེད་པའི་གཤིས་རྒྱུད་དར་སྤེལ་གཏོང་ཆེད། རྩ་ཁྲིམས་དང་། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་བཅའ་ཁྲིམས་གཞིར་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་ཕུལ་བྱུང་ལེགས་སྐྱེས་ཕུལ་མཁན་ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་ཕུལ་བྱུང་ལེགས་སྐྱེས་ཕུལ་མཁན་ལ་རྒྱལ་ཁབ་ཀྱི་མཚན་སྙན་མཐོ་ཤོས་སྤྲད་ཚེ། རིམས་འགོག་དཔའ་བོའི་གཟེངས་སུ་ཐོན་པའི་བྱས་རྗེས་དང་གཟུགས་བརྙན་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རྒྱལ་ཁབ་ཀྱི་གུས་ལུགས་ལེགས་སུ་དང་མི་རིགས་ཀྱི་དྲན་ཤེས་ཟབ་ཏུ་འགྲོ་རྒྱུར་ཕན་པ་དང་། རྒྱལ་གཅེས་རིང་ལུགས་དང་མཉམ་སྡེབ་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུར་ཕན་པ། ཀྲུང་ཧྭ་བུ་ཕྲུག་གི་ཀུན་སེམས་གཅིག་སྒྲིལ་དང་། དཀའ་ངལ་ལ་མི་སྐྲག་པ། ཕམ་ཉེས་ཇི་ཙམ་བྱུང་ན་དེ་ཙམ་གྱིས་དཔའ་ངར་ཆེ་བ་བཅས་ཀྱི་མི་རིགས་ཀྱི་གཤིས་རྒྱུད་གང་ལེགས་མངོན་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་བདེ་བླག་བཏང་སྟེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་ཏང་གི་སེམས་པ་དང་། དམག་དཔུང་གི་སེམས་པ། མི་དམངས་ཀྱི་སེམས་པ་བཅས་གཅིག་སྒྲིལ་ཡོང་རྒྱུར་ཕན་པ་ཡོད།

(རིག་རྡོར་གྱིས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)