《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月12日

སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་ཚང་མའི་ཁྲོད་དུ“རིག་དཔལ་དར་བའི་སྲིད་གྲོས”ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་གྲོས་འདོན་ཡི་གེ

ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་དོན་པ་རྣམས་ལ།

དཔེ་ཀློག་སློབ་སྦྱོང་བྱེད་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་དང་ལས་འགན་གལ་ཆེན་ཞིག་རེད། དུས་ཡུན་རིང་པོའི་ནང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་དོན་པ་ཚོས་དཔེ་ཀློག་སློབ་སྦྱོང་ལ་མཐོང་ཆེན་བྱས་ནས། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་འཁུར་བ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “དོན་འཁྱོལ་བྱེད་པ”དང“གོང་བུར་འགྲིལ་བའི”ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་ལས་འགན་གསར་པར་དམིགས་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་དོན་པ་ཚོས་རྒྱལ་ཡོངས་སྲིད་གྲོས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས། དཔེ་དེབ་ལྟ་ཀློག་བྱེད་རྒྱུ་དེ་འཚོ་བའི་གོམས་གཤིས་དང་། ལས་དོན་གྱི་འགན་འཁྲི། བསམ་པའི་དོན་གཉེར་བྱེད་ས་བཅས་ལ་བརྩིས་ནས་སློབ་སྦྱོང་བྱེད་མཁས་པ་དང་འགན་འཁྲི་སྒྲུབ་ཕོད་པའི་རྣམ་པ་བཟང་པོ་ཞིག་མཉམ་དུ་གཏོད་དགོས། དེར་བརྟེན་ང་ཚོས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་དོན་པར“རིག་དཔལ་དར་བའི་སྲིད་གྲོས”ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།

གཅིག་ནས་དཔེ་ཀློག་གི་དམིགས་ཡུལ་གཏན་འཁེལ་བྱས་ནས་དཔེ་དེབ་མང་ཙམ་ཀློགས་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་དོན་པ་ཚོས་མི་དམངས་སྲིད་གྲོས་ཀྱི་རང་མོས་སློབ་སྦྱོང་དང་རང་མོས་སློབ་གསོའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་དཔེ་ཀློག་བྱེད་སྒོའི་གཞི་རྟེན་གསར་པ་འདི་ཡག་པོ་སྤྱད་དེ། དཔེ་དེབ་མང་ཙམ་ལྟ་བ་དང་། དཔེ་དེབ་ཡག་པོ་ལྟ་བ། དཔེ་དེབ་ལྟ་མཁས་པ་བཅས་བྱས་ནས་རིག་དཔལ་དར་བའི་སྲིད་གྲོས་ཧུར་ཐག་སྐྲུན་དགོས། དཔེ་ཀློག་སློབ་སྦྱོང་དང་ལྷག་དོན་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་སློབ་སྦྱོང་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་གོ་བ་གཏིང་ཟབ་སྔར་བས་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས།

གཉིས་ནས་དཔེ་ཀློག་གི་སྟོན་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ་དཔེ་དེབ་ཡག་པོ་ཀློགས་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་དོན་པ་ཚོས་བོད་ཀྱི་ལྗོངས་བབ་དང་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་གྱི་དམིགས་བསལ་རང་བཞིན་ལ་གཞི་ཚུགས་ནས་རིགས་པའི་གཞུང་ལུགས་རང་བཞིན་དང་། ཤེས་བྱའི་རང་བཞིན། མདུན་ཕྱོགས་རང་བཞིན། དམིགས་སའི་རང་བཞིན་བཅས་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། གོ་བ་ཡག་པོ་ལོན་པ། ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། དེ་དང་དུས་མཚུངས་ཆབ་སྲིད་དང་། དཔལ་འབྱོར། ལོ་རྒྱུས། རིག་གནས། ཚན་རྩལ། སྤྱི་ཚོགས། མཚན་ཉིད་རིག་པ། རྩོམ་རིག ཆོས་ལུགས་སོགས་ཕྱོགས་ཁག་གི་དཔེ་དེབ་ལྟ་ཀློག་རྒྱ་ཁྱབ་བྱས་ཏེ་ཕྱོགས་མང་པོ་ནས་བསམ་བློ་རིག་གནས་དང་ཤེས་བྱ་སྣ་ཚོགས་བསྡུ་ལེན་གྱིས་དཔེ་ཀློག་ལ་དགའ་བ་དང་། སྙིང་རུས་ཆེན་པོས་དཔེ་དེབ་ཀློག་པ། དཔེ་ཀློག་ལ་མཁས་པ་བཅས་བྱས་ཏེ། ལོ་རྒྱུས་དང་དོན་དངོས་དང་། རྒྱལ་ནང་དང་རྒྱལ་ཕྱིའི་བསྡུར་བའི་ཁྲོད་ནས“གདེང་ཚོད་བཞི”ཉམས་ལེན་ཐུབ་པར་བྱེད་དགོས།

གསུམ་ནས་སྦྱངས་པ་གོ་ཆོད་ཡོང་བར་བྱས་ནས་དཔེ་ཀློག་ལ་མཁས་པ་བྱེད་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་དོན་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་བརྩམས་ཆོས་གལ་ཆེན་བློ་རྩེ་གཅིག་སྒྲིམ་གྱིས་ཡག་པོ་ཀློག་དགོས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ཏང་གི་ལོ་རྒྱུས། དམག་དཔུང་ལོ་རྒྱུས། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། བོད་ཀྱི་ཉེ་རབས་དང་དེང་རབས་ལོ་རྒྱུས་སོགས་ཀྱི་དཔེ་དེབ་ཞིབ་ཀློག་བྱེད་པ། དཔེ་དེབ་ཀློག་སྐབས་རྟག་ཏུ་ཤེས་བྱ་གསར་པ་སྦྱངས་ནས་གོ་བ་གསར་པ་ལོན་པ་དང་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱས་ནས་དཔེ་ཀློག་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ཡག་པོ་ཐུབ་པར་བྱེད་དགོས། རང་རྟོགས་ངང་དཔེ་ཀློག་སློབ་སྦྱོང་བྱེད་རྒྱུ་དེ་ལས་ཀའི་དོན་དངོས་དང་འབྲེལ་བ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་འགན་སྒྲུབ་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་དཔེ་ཀློག་བྱེད་སྒོ་བརྒྱུད། སྲིད་གྲོས་ཤེས་པ་དང་། གྲོས་མོལ་ཤེས་པ། སྲིད་དོན་བགྲོ་གླེང་ལ་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་སྣང་ཆེན། གཤིས་སྤྱོད་ལ་མཐོང་ཆེན་བཅས་དངོས་འབྲེལ་ཐུབ་པར་བྱས་ནས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་གཟུགས་བརྙན་གསར་པ་གཏོད་དགོས།

ཡོན་ཏན་ལྡན་ན་ཉམས་བཟང་ལས་ཀྱིས་འབྱུང་། རིག་དཔལ་དར་ན་ཕུགས་ལ་ཕན་ངེས་ཡིན། ང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བར་དཔེ་དེབ་མང་ཙམ་ཀློག་པ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་ཀློག་ལ་མཁས་པ་བཅས་བྱས་ཏེ་དཔེ་ཀློག་གི་གྲུབ་འབྲས་དེ་སེམས་ནུས་གཅིག་སྒྲིལ་གྱིས་ལས་དོན་སྒྲུབ་པའི་འཇོན་ཐང་དངོས་ལ་འགྱུར་བ་བྱས་ནས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་མཉམ་དུ་གཏོད་དགོས།

སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་།

2020ལོའི་ཟླ་8ཚེས་7ཉིན།