《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月12日

ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་བརྒྱད་པའི་སྐོར་གཟིགས་ཚོགས་ཆུང་ཚང་མ་སྐོར་གཟིགས་བྱ་ཡུལ་ས་ཁུལ་དུ་བཅའ་སྡོད་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་10ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་རེས་སྐོར་བརྒྱད་པའི་སྐོར་གཟིགས་ཀྱིས་ས་ཁུལ་དང་གྲོང་ཁྱེར་3དང་རྫོང་དང་ཆུས་29ལ་རྒྱུན་གཏན་གྱི་སྐོར་གཟིགས་ལས་དོན་སྤེལ་འགོ་ཚུགས་པ་རེད། ཉིན་ཤས་གོང་སྐོར་གཟིགས་ཚོགས་ཆུང་16ཚང་མ་སྐོར་གཟིགས་བྱ་ཡུལ་ས་ཁུལ་དུ་བཅའ་སྡོད་བྱས་པ་རེད། (ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་རེས་སྐོར་བརྒྱད་པའི་སྐོར་གཟིགས་བཅའ་སྡོད་ཀྱི་རེའུ་མིག་ཞིབ་ཕྲ་པར་ངོས་གཉིས་པར་བཀོད་ཡོད)

སྐོར་གཟིགས་ཚོགས་ཆུང་བཅའ་སྡོད་བྱེད་སྐབས། བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་ཚོགས་འདུ་འཚོགས་པ་དང་། སྐུལ་སློང་ཚོགས་འདུས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་། ཆབ་མདོ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་སུ་ཚོགས་ར་གཙོ་བོ་བཙུགས་པ་དང་འབྲེལ་ཡོད་རྫོང་དང་ཆུས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད། ཚོགས་འདུ་མ་འཚོག་གོང་། ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གི་ཙུའུ་ཀྲང་གིས་བླང་བྱ་གཞིར་བཟུང་སྐོར་གཟིགས་བྱ་ཡུལ་ས་ཁུལ་གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་ངོ་འཕྲད་འབྲེལ་གཏུག་བྱས་ཏེ་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རེས་སྐོར་བདུན་པའི་སྐོར་གཟིགས་གནས་ཚུལ་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། སྐོར་གཟིགས་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་དང་བླང་བྱ་བརྡ་ཁྱབ་བཏང་བ་རེད། སྐུལ་སློང་ཚོགས་འདུའི་ཚོགས་ར་གཙོ་བོའི་ཐོག་འབྲེལ་ཡོད་སྐོར་གཟིགས་ཚོགས་ཆུང་གི་ཙུའུ་ཀྲང་གིས་སྐུལ་སློང་གཏམ་བཤད་བྱས་པ་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིས་སྐོར་གཟིགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་བླང་བྱ་བཏོན་པ་རེད། བསམ་གྲུབ་རྩེ་ཆུས་དང་། ཆབ་མདོ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཏང་ཨུད་ཀྱི་ཧྲུའུ་ཅི་སོ་སོས་ཚོགས་ར་གཙོ་བོའི་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་། སྐོར་གཟིགས་བྱ་ཡུལ་ས་ཁུལ་གྱི་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་རྣམ་འགྱུར་བཏོན་པའི་གཏམ་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གི་ཙུའུ་ཀྲང་གིས། སྐོར་གཟིགས་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་ནན་ཏན་སྒྲུབ་པ། སྐོར་གཟིགས་ལས་དོན་གྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། ཐོག་མཐའ་བར་གསུམ་དུ་གནད་དོན་ཤེས་རྟོགས་བྱེད་པ་ལས་འགན་གཙོ་བོར་བརྩི་བ། གྲོང་ཁྱེར་དང་རྫོང་གི་ཁྱད་ཆོས་ཆོས་ཉིད་དང་འགན་ནུས་འགན་འཁྲིར་དམ་པོར་དམིགས་པ་བཅས་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་བཅས་དོན་འཁྱོལ་བྱས་ཚུལ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་དོན་འཁྱོལ་བྱས་ཚུལ་བཅས་ལ་ཞིབ་བཤེར་གཏིང་ཟབ་བྱེད་པ་དང་། སྐོར་གཟིགས་དང་རྩིས་བཤེར་སོགས་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་པའི་གནད་དོན་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གནད་དོན་དག་ཐེར་ཡོ་བསྲང་དང་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་མ་ཟད། ལམ་ལུགས་ལག་བསྟར་དང་དབང་ཆ་སྤྱོད་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྐོར་གཟིགས་དང་ལྟ་སྐུལ་འགན་ལེན་ལག་བསྟར་དང་སྐུལ་འདེད་དང་འཐུས་ཚང་འཕེལ་རྒྱས་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གི་ཙུའུ་ཀྲང་གིས། སྐོར་གཟིགས་ཚོགས་ཆུང་གིས་སྐོར་གཟིགས་བྱ་ཡུལ་ཏང་ཨུད་ཀྱིས་སྤེལ་བའི་ལས་དོན་ལ་དམ་པོར་བརྟེན་ནས་འགན་འཁུར་བློ་མཐུན་གཙོ་བོ་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་དགོས་པ་དང་། དོན་དངོས་གཞི་འཛིན་སར་མཐའ་འཁྱོངས་དང་། “དབྱེ་དགོས་པ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་པོ། སྲིད་ཇུས་ཀྱི་དབྱེ་འབྱེད་དང་དུས་ཚོད་ཀྱི་མཚམས་ཚིགས་ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ཏེ། ལྟ་སྐུལ་ཐད་ཀྱི་ཕྱི་ཚུལ་ཙམ་དང་མི་བཟང་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པ། ཏང་གི་སྒྲིག་ཡིག་དང་སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་དང་སྐོར་གཟིགས་ཚོགས་ཆུང་གི་ལས་ཀའི་སྒྲིག་སྲོལ་ནན་པོ་གཞིར་བཟུང་ལས་དོན་སྤེལ་བ་དང་འགན་འཁྲིའི་དབྱེ་མཚམས་ནན་པོར་བསྲུངས་ནས་སྐོར་གཟིགས་བྱ་ཡུལ་ས་ཁུལ་གྱི་རྒྱུན་གཏན་ལས་དོན་ལ་ཐེ་ཇུས་མི་བྱེད་པ་དང་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་གྱི་འགན་འཁྲི་མི་སྒྲུབ་པ། སྒྲིག་ཁྲིམས་དོན་ཚན་དྲུག་ལ་བརྩི་སྲུང་ནན་པོ་ཞུ་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཏེ་སྐོར་གཟིགས་དཔུང་ཁག་གི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིས། སྐོར་གཟིགས་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་། ཏང་སྐྱོང་རྒྱལ་སྐྱོང་གི་ལག་ཆ་ནུས་ལྡན་ཞིག་རེད། སྐོར་གཟིགས་ལ་ལྟ་སྟངས་ཡང་དག་འཛིན་པ་ནི“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་རྡོ་ཀ་ཤུ་ཀ་ཡིན་པ་དེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་དང་འབྲེལ་བ་ཡོད། གྲོང་ཁྱེར་དང་རྫོང་ལ་སྐོར་གཟིགས་ལས་དོན་སྤེལ་སྐབས། ཏང་གིས་གཞི་རིམ་གྱི་ལས་དོན་ཁག་ལ་འགོ་ཁྲིད་བྱེད་པ་སྔར་བས་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་ཆབ་སྲིད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཏང་སེམས་དང་དམངས་སེམས་གཅིག་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས། སྐོར་གཟིགས་བྱ་ཡུལ་ས་ཁུལ་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྐོར་གཟིགས་ཀྱི་ཆབ་སྲིད་ལྟ་སྐུལ་ནུས་པ་གལ་ཆེན་ལ་ངོས་འཛིན་ཡང་དག་བྱེད་པ། “འདྲི་གཞི་གཅིག་ལ་མཉམ་དུ་ལན་རྒྱག་པའི”འདུ་ཤེས་བརྟན་པོར་འཛུགས་པ། སྐོར་གཟིགས་ནི་སྐོར་གཟིགས་བྱ་ཡུལ་ས་ཁུལ་དང་མཉམ་དུ“དོན་འཁྱོལ་བཞི་”ཡི་ཁྲོད་གནས་པའི་བསམ་བློའི་ཁྱད་པར་དང་། ཆབ་སྲིད་ཀྱི་ཁྱད་པར། འགན་འཁྲིའི་ཁྱད་པར། བྱ་སྤྱོད་ཀྱི་ཁྱད་པར་བཅས་བཙལ་འཚོལ་དང་ཡོ་བསྲང་བྱེད་པ་ཞིག་ཡིན་པར་གོ་བ་གཏིང་ཟབ་ལེན་པ། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་ཁུལ་དེ་གའི་སྒྱུར་འཕེལ་བརྟན་གསུམ་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རང་འགུལ་ངང་སྐོར་གཟིགས་ལྟ་སྐུལ་དང་ལེན་ཞུ་བ། སྐོར་གཟིགས་ཚོགས་ཆུང་ལ་གཞོགས་འདེགས་ཧུར་ཐག་ཞུས་ནས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པ། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་གནས་ཚུལ་ཇི་མ་ཇི་བཞིན་ཞུ་བར་སློབ་གསོ་ཁྲིད་སྟོན་དང་སྐུལ་ལྕག་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་གི་སྒྲིག་ཁྲིམས་དང་སྤྱོད་ཚུལ་འདི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་ལྟ་སྐུལ་དང་ལེན་ཞུ་བ་དང་ལས་བྱེད་པ་དང་མང་ཚོགས་ཧུར་ཐག་ཞུགས་པའི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས། སྐོར་གཟིགས་ཚོགས་ཆུང་གིས་སྐོར་གཟིགས་བྱ་ཡུལ་ས་ཁུལ་གྱི་ཏང་ཨུད་ལ་བརྟེན་ནས་ལས་དོན་སྤེལ་བ་དང་། སྐོར་གཟིགས་བྱ་ཡུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན། འགན་འཁྲིའི་དབང་ཚད་ནན་པོ་སྲུང་བ། སྤྱོད་ཚུལ་དང་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ་ལྗོངས་ཏང་ཨུད་ཀྱིས་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་མཉམ་དུ་ལེགས་སྒྲུབ་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། སྒྱུར་འཕེལ་བརྟན་གསུམ་ལ་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྐོར་གཟིགས་འདི་ཉིད་རུལ་རྒོལ་ཆད་གཅོད་དང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་རལ་གྲིར་བརྩིས་ནས་ལས་དོན་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཤིག་ཏུ་འགྱུར་བར་བྱེད་དགོས་ཞེས་བཤད་པ་རེད།

སྐོར་གཟིགས་བྱ་ཡུལ་ས་ཁུལ་ཏང་ཨུད་ཀྱི་འགན་འཁུར་བ་གཙོ་བོས། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྐོར་གཟིགས་ལས་དོན་གྱི་བླང་བྱའི་ཐོག་གཅིག་འགྱུར་བྱས་ནས་སྐོར་གཟིགས་ལས་དོན་ལ་གཞོགས་འདེགས་ཧུར་ཐག་ཞུ་བ་དང་རང་འགུལ་ངང་དུས་ཐོག་ཏུ་ལས་དོན་སྙན་སེང་ཞུ་བ། དངོས་ཡོད་གཞུང་དྲང་ངང་གནས་ཚུལ་འདོན་པ། དངོས་ཐོག་བདེན་འཚོལ་གྱིས་གནད་དོན་གོང་ཞུ་བྱེད་པ། རང་རྟོགས་ངང་སྐོར་གཟིགས་ཀྱི་ལྟ་སྐུལ་དང་ལེན་ཞུ་བ། སྒྲིག་ཁྲིམས་ལ་སྲུང་བརྩི་ནན་པོ་ཞུ་བ། ལྷག་བསམ་རྣམ་དག་ངང་སྐོར་གཟིགས་བྱེད་རིང་བཏོན་པའི་གནད་དོན་དང་ལེན་དང་རང་འགུལ་ངང་ཁས་ལེན་པ། རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། དག་ཐེར་གྱི་བྱེད་ཐབས་ནན་ཏན་བཟོ་བ། འགན་འཁྲི་དང་། དུས་བཅད། བླང་བྱ་བཅས་ཁ་གསལ་ཡོང་བ་བཅས་བྱས་ཏེ་རང་འགུལ་ངང་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

རིམ་ཁག་སྐོར་གཟིགས་ཚོགས་ཆུང་ཁག་གིས་ད་དུང་སྐོར་གཟིགས་ཀྱི་དུས་ཚོད་དང་ཆེད་དོན་སྡོད་བྱའི་ཁ་པར་དང་དེ་བཞིན་ཁ་པར་ཉན་པའི་དུས་ཚོད་དང་། སྐོར་གཟིགས་ཆེད་སྤྱོད་ཀྱི་སྦྲག་སྲིད་ཡིག་སྒམ། སྐོར་གཟིགས་ཚོགས་ཆུང་གི་འབྲེལ་གཏུག་ཡིག་སྒམ་བཅས་དང་དེ་བཞིན་སྐོར་གཟིགས་ཚོགས་ཆུང་གིས་ཡིག་བསྐུར་ངོ་བཅར་དང་ལེན་གྱི་ཁྱབ་ཁོངས་བཅས་ཁྱབ་བསྒྲགས་བྱས་པ་རེད།

(པ་སངས་དང་པ་ཕན་གྱིས་སྒྱུར་ཞུས་བྱས)