《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月12日

གངས་ལྗོངས་ས་མཐོའི་ས་ཕྱོགས་གང་ས་ནས། འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གོམ་སྒྲ་གྲགས།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་6ཉིན་གློག་འཕྲིན་འབྱོར་གསལ། མུ་མེད་ཀྱི་འབྲོག་རར་རྩྭ་ཆུ་འཛོམས་ཤིང་། ཡངས་པའི་ཞིང་ཐང་ཁྱོན་དུ་སྙེ་མའི་རྦ་རླབས་འཕྱུར་ལ། ནོར་ལུག་ཤ་ཤེད་རྒྱས། ཟླ་8པའི་གངས་ལྗོངས་ས་མཐོའི་མཛེས་ལྗོངས་ལས་ཡིད་དབང་རབ་ཏུ་འཕྲོག

ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་བོད་ལྗོངས་དིང་རི་རྫོང་གད་དམར་ཤང་སྤང་སྦུག་གྲོང་ཚོར་ལོ་42ལ་སླེབས་པའི་དུད་ཚང་དབུལ་པོ་ཀུན་དགར་སྒོར་1200ཡི་བགོ་འགྲེམས་ཐེངས་གཉིས་པ་རག་པ་རེད། ན་ནིང་། ཁོང་གིས་ཁྱིམ་གྱི་ལུག་100ལྷག་ཙམ་མ་རྐང་དུ་བརྩིས་ནས་གྲོང་ཚོའི་མཉམ་ལས་ཁང་ལ་ཞུགས་རྗེས་ཁོང་ཕྱི་ཕྱོགས་སུ་གླ་པ་རྒྱུག་པར་ཕྱིན་ནས་ལོ་ཕྱེད་རིང་ཡོང་འབབ་སྒོར་ཁྲི་4.2བྱུང་ཡོད། “གླ་པ”དང“མཉམ་ལས་ཁང་གི་མ་རྐང་བདག་པོ”ཡི་ཐོབ་ཐང་གཉིས་ལས་ཁོང་གི་ཡོང་འབབ་ཀྱི་ཡོང་ཁུངས་མང་དུ་སོང་ཡོད།

བོད་དུ་ཀུན་དགའ་དང་འདྲ་བར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཞིང་འབྲོག་པ་ཇེ་མང་དུ་འགྲོ་བཞིན་ཡོད།

འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ནས་བོད་རིགས་ཨ་མའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བ།

ལོ་58ལ་སླེབས་པའི་ཚེ་རིང་སྒྲོལ་དཀར་དེ་སྔ་ལྟར་ལས་བྲེལ་ཆེན་པོ་མེད། གང་ཡིན་ཟེར་ན། ཁོ་མོས་ས་ཞིང་མང་ཆེ་བ་ནང་བཤུག་བཏང་བས། རང་ཉིད་ལ་ཨ་མ་རྒན་མོར་ལྟ་རྟོག་བྱེད་པའི་ཁོམ་པ་དེ་བས་མང་དུ་སོང་ཡོད།

ཚེ་རིང་སྒྲོལ་དཀར་གྱིས“དེ་སྔ་ཕྱུག་འགྱུར་གྱི་ཐབས་ལམ་ཉུང་བས། ནང་མི་ཚང་མ་རྨོ་ཞིང་མུའུ་27ལ་རྟེན་དགོས་ཀྱི་ཡོད། ཁྱོ་ག་ཚེ་ལས་འདས་རྗེས་ང་རང་གཅིག་པུས་ཞིང་ལས་བྱེད་དགོས་པས་ཁོམ་པ་རྩ་བ་ནས་མི་འདུག”ཅེས་བརྗོད་པ་དང་། ཁོ་མོས་ད་ཆ་ཁྱིམ་གྱི་ས་ཞིང་མུའུ་18སྨན་གླིང་རྫོང་གི་ཧྲེང་ཧྲི་ཤིང་འབྲས་ཚད་ལྡན་འདེབས་འཛུགས་རྟེན་གཞིར་ནང་བཤུག་བྱས་པས་ལོ་རེའི་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་གྱི་འདུག་ཅེས་བརྗོད།

ཧྲེང་ཧྲི་ཤིང་འབྲས་ཚད་ལྡན་འདེབས་འཛུགས་རྟེན་གཞི་ནི་ས་གནས་དེ་གའི་དབུལ་སྐྱོར་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། རྟེན་གཞི་དེས“རྟེན་གཞི་+གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་+ཞིང་དུད”ཀྱི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་ས་གནས་དེ་གའི་གྲོང་གསེབ་ཀྱི་ས་ཞིང་བོགས་མར་བླངས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་ཡོང་བར་བྱས་པ་མ་ཟད། ད་དུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་ཡང་བྱས་ཡོད།

ཞིང་དལ་སྐབས་སུ་ཚེ་རིང་སྒྲོལ་དཀར་གྱིས་ཁྱིམ་དང་ཐག་ཉེ་བའི་རྟེན་གཞིར་གླ་པར་སོང་བར་ཉིན་རེར་ཡོང་འབབ་སྒོར་140ཡོད། ད་དུང་ཁྱིམ་ལ་སྣོད་བཅུད་ལས་གནས་ཀྱི་ཁ་གསབ་དང་མཐའ་མཚམས་ཡུལ་མིའི་ཁ་གསབ་ཡོད་པས་སྲིད་ཇུས་ཁག་གཉིས་ཀྱི་ཡོང་འབབ་བསྡོམས་ན་ལོ་ལྟར་སྒོར་ཁྲི་2ལྷག་ཙམ་ཡོད།

ཚེ་རིང་སྒྲོལ་དཀར་གྱིས“སྡོད་ཁང་ནི་སྲིད་གཞུང་གིས་གསར་པ་བརྒྱབ་པ་ཞིག་རེད། ཕྲུ་གུ་གཉིས་སློབ་གྲྭར་ཕྱིན་ན‘འགན་གཙང་གསུམ’གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད། ད་ཆའི་འཚོ་བ་སྔོན་ཆད་ནང་བཞིན་དཀའ་ལས་ཁག་པོ་མི་འདུག”ཅེས་བརྗོད།

ཐོབ་ཐང་ལ་འགྱུར་ལྡོག་ཕྱིན་ནས་ཕྱུག་འགྱུར་གྱི་ལམ་བུ་གསར་པ་རྒྱ་ཆེར་བཏང་བ།

ནག་ཆུ་དང་། མངའ་རིས། གཞིས་རྩེ་སོགས་ཀྱི་མཐོ་གྲང་འབྲོག་ཁུལ་དུ་དེ་སྔའི་འབྲོག་ལས་རྐྱང་མའི་གྲོང་ཚོས་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་གསར་པར་བསྐྱོད་ཡོད།

དིང་རི་རྫོང་སྤང་སྦུག་གྲོང་ཚོས“གྲོང་ཚོའི་ཏང་ཀྲི་པུའུ་+འབྲོག་དུད་+མཉམ་ལས་ཁང་+ཀུང་སིའི”གཉེར་སྐྱོང་བྱེད་སྟངས་སྤྱད་དེ་ཁྱད་ལྡན་ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་མང་ཚོགས་མ་རྐང་གི་བདག་པོར་གྱུར་པར་བྱས་ཡོད། འདི་ལོའི་ལོ་འགོར་མཉམ་ལས་ཁང་གིས་ལུག་མགོ་གྲངས་1100བཤས་བཏང་བར་ཡོང་འབབ་སྒོར་ཁྲི་63བྱུང་བ་དང་གྲོང་མི་ཚོར་ཡང་བགོ་འགྲེམས་ཡག་པོ་བྱུང་ཡོད།

“མཉམ་ལས་ཁང་བཙུགས་པ་ནས་བཟུང་། ང་ལ་སྔ་རྗེས་སུ་བགོ་འགྲེམས་ཐེངས་གཉིས་རག་བྱུང་། ཁྱོན་སྒོར་22000འདུག གཞན་ཡང་འདི་གར་གླ་པ་བྱས་ན་ད་དུང་ཟླ་རེར་གླ་ཆ་སྒོར་3000འདུག”ཅེས་ལོ་34ལ་སླེབས་པའི་ཡུལ་མི་དུང་དཀར་ཚེ་རིང་གིས་བརྗོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ནས་ལས་སྣོན་གྱི་ཁྱབ་ཁོངས་ཆེ་རུ་ཤུགས་ཆེན་བཏང་བས་ནས་དང་འབྲུ་རིགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་ཕྱིན་པ་མ་ཟད། ད་དུང་ཞིང་འབྲོག་པ་མི་ཉུང་བ་ཞིག་ཐོན་ལས་བཟོ་པར་གྱུར་ཡོད།

ལྷ་ས་གྲོང་ཁྱེར་བོད་ལྗོངས་ཙང་ཡོན་ནས་ཆང་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བཟོ་པ་ཚོ་ནས་ལས་སྣོན་གྱི་ལས་ལ་བྲེལ་བཞིན་ཡོད། ཁོ་ཚོའི་ཁྲོད་ཀྱི་མི་མི་ཉུང་བ་ཞིག་སྟག་རྩེ་ཆུས་ཀྱི་གནས་སྤོས་དུད་ཚང་ནས་རེད།

ལོ་54ལ་སླེབས་པའི་བཀྲ་ཤིས་ཀྱིས“ངས་ཚེ་གང་ནས་བཏབ་པ་ཡིན། དེ་སྔ་རང་ཁྱིམ་དུ་ཉར་གྱི་ཡོད། ད་ཆ་ང་ཚོས་ཁྲོམ་རའི་གོང་ཚད་ལས་མཐོ་བ་བྱས་ཏེ་ཀུང་སིར་འཚོང་གི་ཡོད། ད་དུང་ང་རང་ཐོན་སྐྱེད་འཁོར་ཁང་དུ་ནས་ཆང་ལས་སྣོན་གྱི་ལས་ཀ་བྱེད་ཀྱི་ཡོད་པས་ཟླ་རེར་གླ་ཆ་སྒོར་4500འདུག”ཅེས་བརྗོད།

ལྟ་བར་འགྱུར་ལྡོག་ཕྱིན་ནས་ནང་ཤུགས་འཕེལ་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ།

ཉེ་བའི་ལོ་ཤས་རིང་། སྲིད་ཇུས་དང་བྱ་ཐབས་མང་པོའི་རམ་འདེགས་འོག་གངས་ལྗོངས་ས་མཐོའི་གཞི་རིམ་ལས་བྱེད་པས་རང་འགུལ་ངང་བྱ་སྤྱོད་སྤེལ་ཡོད། རྩལ་ནུས་གསོ་སྦྱོང་དང་རྒུད་གསབ་ལས་སྤྲོད་ཁྱབ་གདལ་བཏང་བས་དུད་ཚང་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡིད་ཆེས་བརྟན་དུ་ཕྱིན་ཡོད།

ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དཀྱིལ་རུ་ཤང་བཀྲ་ཤིས་གླིང་གྲོང་ཚོར་གསར་འགོད་པས་བུད་མེད་20ལྷག་ཙམ་གྱིས་བེད་མེད་སོར་འཇོག་བྱས་པའི་གྲོང་ཚོ་ཨུ་ལྷན་གྱི་ཁང་པའི་ནང་སྲོལ་རྒྱུན་གྱི་པང་གདན་འཐག་བཞིན་ཡོད་པ་མཐོང་བྱུང་།

གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་གྲགས་ཀྱིས“མཉམ་ལས་ཁང་གི་ཐོན་རྫས་ཐད་ཀར་ལྷ་སའི་བོད་ཆས་ཚོང་ཁང་དུ་འཚོང་གི་ཡོད་པས་བུད་མེད་ཀྱིས་ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་གསོག་ཐུབ་ཀྱི་འདུག”2018ལོ་ཚུན་དུ། མཉམ་ལས་ཁང་གིས“ཏང་ཀྲི་པུའུ་+ཕྱུག་འགྱུར་སྣེ་ཁྲིད་པ+ཞིང་འབྲོག་པའི”བྱ་ཐབས་སྤྱད་དེ་དུད་ཚང་དབུལ་པོ་18ཀྱི་བུད་མེད་20ལྷག་ཙམ་མཉམ་ལས་ཁང་གི་ལས་མིར་བསྡུས་པས་དུད་ཚང་རེར་ལོ་རེར་འབབ་འཕར་སྒོར་ཁྲི་2ནས་ཁྲི་5བར་བྱུང་ཡོད་ཅེས་བརྗོད།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་གཡག་ལ་གྲོང་རྡལ་གྱིས“ཀུང་སི་+མཉམ་ལས་ཁང་+དུད་ཚང་དབུལ་པོའི”ཐོན་ལས་དབུལ་སྐྱོར་བྱེད་སྟངས་འཚོལ་ཞིབ་བྱས་པས་དུད་ཚང་དབུལ་པོའི་ཧུར་བརྩོན་རང་བཞིན་ཧ་ཅང་ཆེ་རུ་ཕྱིན་ཡོད། 2017ལོར་རྒྱལ་ཁབ་ཀྱིས་བཏང་བའི་མ་དངུལ་སྒོར་ཁྲི་300ནོར་སྤུངས་བཟོ་ལས་ཉོ་ཚོང་ཀུང་སིའི་རྣམ་གྲངས་ལ་བཏང་བས་གྲོང་རྡལ་ཡོངས་ཀྱི་དུད་ཚང་553གྱི་མི་2411གི་དབུལ་སྒྲོལ་བརྟན་པོར་སྐུལ་ཁྲིད་བྱས་ཡོད། 2019ལོ་ཚུན་དུ་མང་ཚོགས་ལ་བགོ་འགྲེམས་ཐེངས་4བརྒྱབ་པར་ཁྱོན་སྒོར་ཁྲི་430ལྷག་ཙམ་ཟིན་ཡོད་པ་རེད།

“གྲོང་མིའི་དེ་སྔའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་དབྱར་རྩྭ་དགུན་འབུ་རེད། ད་ཆ་དབྱར་རྩྭ་དགུན་འབུར་བརྟེན་ནས་སྡོད་པའི་ལྟ་བར་འགྱུར་ལྡོག་ཕྱིན་ཡོད”ཅེས་སོག་རྫོང་གི་རྫོང་ཨུད་ཧྲུའུ་ཅི་གཞོན་པ་ནོར་བུ་ཆུང་བདག་གིས་བརྗོད།

“བོད་ཀྱི་ས་གནས་ཁག་གི་གཞི་རིམ་གྱིས་དབུལ་སྐྱོར་དང་རིག་སྐྱོར་བློ་སྐྱོར་ཟུང་འབྲེལ་བྱེད་པར་མཐོང་ཆེན་བྱས་ཏེ་མི་སེར་གྱི‘སྒུག་རྟེན་སློང་གསུམ’རྗེས་ལུས་ཀྱི་འདུ་ཤེས་རིམ་བཞིན་འགྱུར་ལྡོག་བཏང་ཡོད། དེ་དང་ཆབས་ཅིག་ངལ་ནུས་དང་རྩལ་ནུས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་ལས་ཀ་བྱེད་ཤེས་པ་དང་གླ་པ་རྒྱུག་འདོད་པའི་ཡུལ་མི་ཇེ་མང་དུ་ཕྱིན་པས་ཁོ་ཚོའི་ཡོང་འབབ་དེ་བས་བརྟན་དུ་ཕྱིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་དབྱི་ཧྥུན་ཧྲུའེ་ཡིས་བརྗོད།

(དཀོན་སྒྲོལ་གྱིས་བསྒྱུར། དཀོན་སྒྲོལ་དང་ལྷ་དབང་གིས་ཞུས)