《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月11日

རང་ལྗོངས་ཀྱི་ས་གནས་ཁག་ཏུ་དམངས་དོན་ཁྲིམས་གཞུང་ སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཚ་རླབས་འཕྱུར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་གིས་རྣམ་པ་སྣ་ཚོགས་ལ་བརྟེན་ཏེ་དམངས་དོན་ཁྲིམས་གཞུང་ལ་སློབ་སྦྱོང་ནན་ཏན་བྱས་ནས་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཚ་རླབས་ཤིག་འཕྱུར་བ་རེད།

ཉིན་ཤས་གོང་ལྷོ་ཁ་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་དམངས་དོན་ཁྲིམས་གཞུང་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལིའུ་ཅ་ཨན་གདན་དྲངས་ཏེ་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་ཟུར་ཁྲིད་ཀྱི་སྙན་ཞུ་ཕུལ་བ་རེད། ལིའུ་ཅ་ཨན་གྱིས་དམངས་དོན་ཁྲིམས་གཞུང་གི་རྩོམ་སྒྲིག་གནས་ཚུལ་དང་། དམངས་དོན་ཁྲིམས་གཞུང་གི་འདུ་ཤེས་དང་དགོངས་དོན་གྱི་སྙིང་པོ། དམངས་དོན་ཁྲིམས་གཞུང་གིས་གཏན་འབེབས་བྱས་པའི་ཁེ་དབང་མ་ལག

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) དམངས་དོན་ཁྲིམས་གཞུང་གི་དམངས་འཚོའི་དོ་ཁུར། དམངས་དོན་ཁྲིམས་གཞུང་གི་མཐོང་རྒྱའི་འོག་གི་སྤྱི་དོན་ཁེ་དབང་བཅས་ཕྱོགས་ལྔ་ནས་དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་གསལ་འགྲེལ་དང་། དམངས་དོན་ཁྲིམས་གཞུང་གི་ཀྲུང་གོའི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་གཙོ་བོ་སྙིང་བསྡུས་བྱས་པ་རེད།

རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱས་ཏེ་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་། བརྩི་སྲུང་། སྲུང་སྐྱོང་བཅས་བྱེད་པའི་མིག་དཔེ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད། ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་རིམ་པ་གཉིས་པའི་ཁྲིམས་དཔོན་ལི་དབྱི་པིན་གྱིས“ཁྲིམས་དཔོན་ཞིག་གི་ངོས་ནས་ང་ཚོས་ངེས་པར་དུ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཀྱིས་དམངས་དོན་ཁྲིམས་གཞུང་ལ་སློབ་སྦྱོང་ཡག་པོ་བྱེད་པའི་སྣེ་ཁྲིད་དེ་མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོང་དང་། འགལ་ཟླའི་རྩོད་གཞི་སེལ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན”ཞེས་བརྗོད།

ཟླ་8ཚེས་7ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་དམངས་དོན་ཁྲིམས་གཞུང་གི་ཆེད་དོན་ཤེས་བྱའི་འཆད་ཁྲིད་བྱས་ཤིང་། འཆད་ཁྲིད་དེ་བརྙན་འཕྲིན་ཁ་པར་གྱི་ལམ་ནས་འཚོགས་པ་དང་། གྲོང་ཨུད་ཀྱི་སྲིད་ཁྲིམས་ཨུ་ལྷན་དང་། གྲོང་ཁྱེར་ཁྲིམས་ཁང་། ཞིབ་དཔྱོད་ཁང་། སྤྱི་བདེ་ཅུས། ཁྲིམས་འཛིན་ཅུས། བདེ་འཇགས་ཅུས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཁོའོ་རིམ་པ་ཡན་གྱི་ལས་བྱེད་པ་ཁྱོན་400ལྷག་ཙམ་འཆད་ཁྲིད་ལ་ཞུགས་པ་རེད། པེ་ཅིང་ཀྲུང་དབྱིན་ཁྲིམས་རྩོད་པའི་ལས་གཉེར་སུའོ་ཡི་བོད་སྐྱོར་ཁྲིམས་རྩོད་པ་ལི་ཧྥེང་ཆིང་གིས་དམངས་དོན་ཁྲིམས་གཞུང་གི་རྩོམ་སྒྲིག་བརྒྱུད་རིམ་དང་། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་གི་དོན་སྙིང་གལ་ཆེན། རྩོམ་སྒྲིག་གི་སྤྱིའི་བླང་བྱ་དང་གཞི་རྩའི་རྩ་དོན། དམངས་དོན་ཁྲིམས་གཞུང་གི་གཙོ་གནད་སོགས་ཐད་གཏིང་ཟབ་ལ་གོ་སླ་བའི་འགྲེལ་བཤད་བརྒྱབ་པ་རེད། འཆད་ཁྲིད་བྱས་རྗེས་རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པས་འཆད་ཁྲིད་ཀྱི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། གཙོ་གནད་འབུར་དུ་ཐོན་ཡོད་ལ། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཆུ་ཚད་ངེས་ཅན་ཡོད་པས་འཆད་ཁྲིད་ཉན་རྗེས་ཕན་པ་མི་དམན་པ་ཐོབ་བྱུང་། ང་ཚོས་དམངས་དོན་ཁྲིམས་གཞུང་གི་ནང་དོན་འཕྱུགས་མེད་ངང་ཁོང་དུ་ཆུད་པར་བྱས་ཏེ་དུས་རབས་གསར་པའི་དུས་བདེའི་ཆབ་མདོ་དང་ཁྲིམས་སྐྱོང་ཆབ་མདོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།