《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月11日

གཞིས་རྩེར“དང་བླངས་ཞབས་ཞུའི་སྡེ་ཁུལ་ ཡག་ཤོས”འཚོལ་བ།

བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཚོང་ལས་ཁུལ་འཁྲུག་ཤོས་ལྕང་ལོ་ཁང་གསར་དུ་དཔེ་དེབ་ཀློག་པའི་སྒྲ་སྙན་མོ་གྲགས་ཤིང་། སློབ་ཚན་ནན་ཏན་ངང་ཉན་མཁན་སློབ་མ་ནི་ལོ་30ནས་70བར་ཡིན་ལ། དེ་དག་ཁྲོད་དུ་ཕྲུ་གུ་སྒལ་པར་ཁུར་ནས་སློབ་ཚན་ཉན་མཁན་ཡང་ཡོད་པ་རེད། ཁྲིད་སྟེགས་ཐོག་སྐྲ་སྐྱ་ཕྱེད་སྔོ་ཕྱེད་ཆགས་པའི་དགེ་རྒན་གྱིས་གསོན་ཉམས་ལྡན་པའི་སྒོ་ནས་སློབ་ཚན་ཁྲིད་བཞིན་ཡོད་ལ། སློབ་མ་ཚོས་ནན་ཏན་ངང་སྦྱོང་བཞིན་མཚམས་རེར་གད་མོ་ཡང་དགོད་ཀྱི་ཡོད་པ་རེད།

དགེ་རྒན་འདིའི་མིང་ལ་ཉི་མ་ཚེ་རིང་ཟེར་ཞིང་ད་ལོ་ལོ་43ཡིན། རྫོང་རིའི་འདབས་སུ་སྐྱེས་ཤིང་ད་ཆ་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་ཡུལ་མི་དཀྱུས་མ་ཞིག་ཡིན་ལ་སྡེ་ཁུལ་དེའི་དང་བླངས་པ་ཞིག་ཀྱང་ཡིན། ཁོང་གིས་གཙོ་བོར་རྒན་དར་ཚོར་བོད་ཡིག་ཁྲིད་ཀྱི་ཡོད་པ་རེད།

ཉི་མ་ཚེ་རིང་ནི་ཚོང་པ་ཞིག་སྟེ། ཇ་ཁང་དང་། རླངས་འཁོར་ཉམས་བཟོ་ཁང་། མགྲོན་ཁང་། ནུས་རྒྱུ་གསར་པའི་ཀུང་སི་སོགས་གཉེར་གྱི་ཡོད། ཁོང་ལས་བྲེལ་ཇི་ལྟར་ཆེ་ནའང་དུས་ཁོམ་པ་བཙལ་ཏེ་རིན་པ་མི་ལེན་པར་བོད་ཡིག་ཁྲིད་ཀྱི་ཡོད། ཁོང་གིས་འདི་ནི་རང་ཉིད་ཀྱིས་སྡེ་ཁུལ་ལ་དྲིན་ལན་འཇལ་ཐབས་ཤིག་ཡིན་པར་བསམ་གྱི་ཡོད། འདི་ལྟར་བྱས་ན་མི་སེར་ཚོར་རོགས་རམ་བྱེད་ཐུབ་པ་མ་ཟད་ད་དུང་བྱིས་པ་ཚོར་མིག་དཔེ་ཡང་སྟོན་ཐུབ། ཡིན་ན་ཡང་འདི་ནི་ཁོང་གིས་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་ཐབས་ལམ་འབའ་ཞིག་དེ་མིན་པར། 2008ལོར། ཁོང་གིས་བྱིས་པའི་ཕན་བདེ་ཁང་ཞིག་འཛུགས་རྒྱུའི་རེ་ཞུ་བྱས་ནས། དྭ་ཕྲུག་27ལ་རོགས་སྐྱོར་བྱས། དེ་དང་ཆབས་ཅིག་ཁོང་ནི་ཨེ་ཙིའི་ནད་སྔོན་འགོག་གི་དྲིལ་བསྒྲགས་སློབ་གསོ་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་ཡང་ཡིན་པ་རེད།

2019ལོར། ཉི་མ་ཚེ་རིང་གིས་དགེ་རྒན་སྔོན་མའི་ལས་ཀའི་རྒྱུན་བསྐྱངས་ནས་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་དང་བླངས་པ་ཞིག་བྱས་པ་རེད། སྡེ་ཁུལ་དེ་རུ་ཁོང་དང་འདྲ་བའི་དང་བླངས་པ་300ལྷག་ཙམ་ཡོད་པ་དང་། ཁོང་ཚོ་ཚང་མ་ནི་དེ་གར་སྐྱེས་ཤིང་དེ་གར་འཚར་ལོངས་བྱུང་བའི་ཡུལ་མི་ཡིན་ལ་ཕུན་སུམ་ཚོགས་པའི་སྡེ་ཁུལ་གྱི་བྱེད་སྒོའི་ཁྲོད་རང་ནུས་གང་ཡོད་འདོན་གྱི་ཡོད་པ་རེད།

ལྕང་ལོ་ཁང་གསར་སྡེ་ཁུལ་ནི་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་བྱང་མཚམས་སུ་ཡོད་ལ། དེ་གར་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་13དང་དུད་ཚང་543གྱི་ཡུལ་མི་1651ཡོད་པ་རེད། 2017ལོར། སྡེ་ཁུལ་དེར་རྒྱལ་ཡོངས་ཀྱི་དང་བླངས་ཞབས་ཞུའི་སྡེ་ཁུལ་ཡག་ཤོས་དང་། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་དམངས་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཟབ་ཏུ་གཏོང་ཆེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) སྡེ་ཁུལ་དེས་མི་རིགས་སྒྱུ་རྩལ་གསོ་སྦྱོང་འཛིན་གྲྭ་ཞིག་བཙུགས་ནས་མི་རིགས་ཀྱི་ཁྱད་ལྡན་རོལ་ཆ་དཀྲོལ་སྟངས་སློབ་ཁྲིད་བྱེད་པའི་རྨང་གཞིའི་ཐོག་ད་དུང་སྡེ་ཁུལ་རིག་རྩལ་རུ་ཁག་བཙུགས་ནས་ཚོང་ལས་འཁྲབ་སྟོན་གྱི་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཏེ་ས་གནས་དེ་གའི་དཀའ་ངལ་ཡོད་པའི་མང་ཚོགས་ཚོར་འབབ་འཕར་གྱི་གོ་སྐབས་མཁོ་འདོན་བྱས་པ་རེད། སྡེ་ཁུལ་དེས་བཙུགས་པའི་རིག་གནས་བྱང་ཚད་མཐོར་གཏོང་འཛིན་གྲྭའི་ནང་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་སོགས་སློབ་ཚན་གཙོ་བོར་ཁྲིད་པ་དང་། སློབ་སྦྱོང་བརྒྱུད་སྡེ་ཁུལ་དེའི་དེ་སྔའི་ཡིག་རྨོངས་དང་ཡིག་ངོ་ཆོད་ཙམ་གྱི་མང་ཚོགས་ཀྱིས་ད་ཆ་རང་ཉིད་ཀྱི་མིང་འབྲི་ཤེས་པ་མ་ཟད་ད་དུང་དཔེ་ཀློག་ཐུབ་ནས་རང་ཉིད་ཀྱི་བྱང་ཚད་མཐོ་རུ་ཡང་གཏོང་ཐུབ་ཀྱི་ཡོད་པ་རེད།

སྡེ་ཁུལ་གྱིས་བྱེད་སྒོ་མང་དུ་སྤེལ་བས། མི་རིགས་ཁག་གི་ཡུལ་མིའི་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱེད་ཚད་ཀྱང་མང་དུ་ཕྱིན་ནས་ཁྱིམ་མཚེས་དབར་ལྟ་རེས་སྐྱོང་རེས་དང་ཞི་མཐུན་མཉམ་གནས་བྱུང་བས། འཚོ་བའང་རིམ་བཞིན་བདེ་སྐྱིད་ལྡན་པར་གྱུར་བཞིན་ཡོད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)