《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月10日

ཝུའུ་དབྱིང་ཅེས་ཀྲོའུ་ཅང་ཡུང་བཅས་པ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཀྲེ་ཅང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཧང་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཅང་ཡུང་བཅས་པ་དང་བཞུགས་མོལ་གནང་ནས་ཁ་གཏད་བོད་སྐྱོར་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་སྤེལ་རེས་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་བཅས་བཞུགས་མོལ་ལ་ཕེབས་ཡོད་པ་རེད།

ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ། ཀྲོའུ་ཅང་ཡུང་བཅས་པ་བོད་དུ་བོད་སྐྱོར་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། ལས་དོན་ཚོགས་ཆུང་གིས་རང་ལྗོངས་ཀྱི་ས་བབ་མཐོ་བའི་ཞིང་འབྲོག་ཁུལ་གྱི་འཐབ་ས་དང་པོར་ཟབ་བསྐྱོད་ཀྱིས་བརྟག་ཞིབ་གནང་བར་གུས་ལུགས་མཚོན་པར་གནང་བ་རེད། ཀྲེ་ཅང་ཞིང་ཆེན་དང་ཧང་ཀྲོའུ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་དང་ནག་ཆུའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དང་མཐའ་མཚམས་སྟོབས་ཆེ་དང་བརྟན་གཏོང་སོགས་བྱ་གཞག་ཁག་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས། ཝུའུ་དབྱིང་ཅེས་དུས་ཡུན་རིང་པོའི་ནང་། ཀྲེ་ཅང་ཞིང་ཨུད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཕྱོགས་ཡོངས་ཀྱི་མཐོ་ཚད་ནས་ཁ་གཏད་བོད་སྐྱོར་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ནག་ཆུར་ཁ་གཏད་རོགས་སྐྱོར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྣམ་གྲངས་དང་། མ་དངུལ། ཤེས་ལྡན་མི་སྣ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ལག་རྩལ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པས་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་གིས“ཉ་དང་འབྲས་ཀྱི་ཕ་ཡུལ”ནས“བྱང་རྩྭ་ཐང་དུ”ཡོང་སྟེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་འབྲལ་མེད་མཉམ་གནས་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་པ་དང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་གཟུགས་བརྙན་བཟང་པོ་བཏོད་ཡོད། ཀྲེ་ཅང་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་ཁ་གཏད་བོད་སྐྱོར་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ནས་ནག་ཆུ་གྲོང་ཁྱེར་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་མུ་མཐུད་ཐབས་མཆོག་བརྒྱུད་བསྒྲགས་དང་། དུས་རབས་ཀྱི་ཁྱད་ཆོས་དང་། ཀྲུང་གོའི་ཁྱད་ཆོས། ཧང་ཀྲོའུ་ཡི་ཁྱད་ཆོས་བཅས་ལྡན་པའི་གྲོང་ཁྱེར་འཆར་འགོད་དང་བཅོས་སྐྱོང་གི་ཉམས་མྱོང་ནག་ཆུར་བརྒྱུད་བསྒྲགས་བྱས་ནས་ནག་ཆུའི་གྲོང་ཁྱེར་འཛུགས་སྐྲུན་དང་ཕྱོགས་བསྡུས་དོ་དམ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཀྱིས་སྔར་རྒྱུན་བཞིན་ནག་ཆུའི་རོགས་སྐྱོར་དང་ལེན་ལས་དོན་ལ་མཐོང་ཆེན་བྱས་ནས་ཀྲེ་ཅང་གི་རོགས་སྐྱོར་ལ་སྔར་བས་གཅེས་སྤྲས་དང་ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཆ་རྐྱེན་བཟང་པོ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཀྲོའུ་ཅང་ཡུང་གིས་ད་ཐེངས་བོད་དུ་ཡོང་སྟེ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྦྲེལ་མཐུད་དོན་འཁྱོལ་བྱས་པས་གསོན་ཉམས་དོད་པའི་ས་གནས་ས་ཐོག་གི་སློབ་གསོ་ཐེབས་བྱུང་། བོད་རང་སྐྱོང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་ལེན་བསྟར་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་བཅས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་མྱོང་ཚོར་ཟབ་མོ་བྱུང་། ཧང་ཀྲོའུ་གྲོང་ཁྱེར་གྱིས་མཐའ་སྐྱོང་བོད་བརྟན་དང་ཁ་གཏད་རོགས་སྐྱོར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲེ་ཅང་དང་བོད་ས་གནས་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ཁ་གཏད་བོད་སྐྱོར་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།

(བདེ་སྐྱིད་དང་ཚེ་ཁོས་སྒྱུར་ཞུས་བྱས)