《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月10日

མཛེས་ལྗོངས་ལྟ་ན་སྡུག་པའི་འབྱོར་འབྲིང་ལམ་བུ།

◆ 2019ལོར་རྩྭ་ཧྲེང་བ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་52363.6(མཐའ་མཚམས་མི་སེར་དང་། ནགས་ལས། རྩྭ་ར་སོགས་སྲིད་ཇུས་ཀྱི་ཁ་གསབ་ཚུད)ཟིན་ཡོད། གྲངས་གཞི་དེ་སྔོན་ཆད་ཀྱི་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་ལྔ་ཙམ་ཡིན་པ་རེད།

གུ་གེའི་འདབས་ཀྱི་རྩྭ་ཧྲེང་གྲོང་ཚོར་བསྐྱོད་པ་ན། གླང་ཆེན་ཁ་འབབ་ལུང་གཞུང་གི་དབྱར་དུས་ཀྱི་རླུང་བུས་གྲོང་ཚོའི་ཨར་འདམ་ལམ་གྱི་གཞོགས་གཉིས་ཀྱི་རྒྱ་ལྕང་གཡོ་བ་དང་། དགུང་སྔོན་དབྱིངས་ཀྱི་ཁྲི་གདུགས་ཉི་མ་གྲོང་ཚོའི་གང་སར་འཕྲོས་ནས་གསེར་ཆུ་བྲན་པ་ལྟར་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོག

ལོ་83ལ་སླེབས་པའི་རྒན་མོ་བསོད་ནམས་ལྷ་མོ་སྒོ་ར་གསར་པའི་ནང་བསྡད་ནས་ཡུལ་སྐོར་བ་ཁྱུ་དང་ཁྱུ་བྱས་ནས་རང་ཁྱིམ་དུ་ཡོང་བར་ལྟ་བཞིན་ཡོད། ཡུན་རིང་མ་སོང་བར་བུ་ཚེ་རིང་རྡོ་རྗེ་དང་མནའ་མས་རྒྱང་རིང་གི་མགྲོན་པོ་རེ་རེར་སྡོད་ས་བཀོད་སྒྲིག་བྱེད་བཞིན་ཡོད། གུ་གེ་གནའ་ཤུལ་མཛེས་ལྗོངས་ཁུལ་ལ་བརྟེན་ནས་རྩྭ་ཧྲེང་གྲོང་ཚོས་2006ལོར་ཁྱིམ་ཚང་མགྲོན་ཁང་དང་པོ་བཙུགས་པ་དང་ད་བར་ཁྱིམ་ཚང་39ཡི་ཁྲོད་80%ཡན་གྱིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་། ལོ་གཅིག་དུས་བཞིར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོ་བསུ་བཞིན་ཡོད།

འགྲུལ་སྐྱོད་ལམ་བར་གྱི་ལྟ་ན་སྡུག་པ་ནི་ཡུལ་ལྗོངས་ཡིན་ལ་དེ་བས་ཀྱང་ཡུལ་ལྗོངས་ཁྲོད་ཀྱི་མི་རྣམས་ཡིན་པ་རེད། ཡུལ་སྐོར་ལས་གྲོང་གསེབ་ལ་འགྱུར་ལྡོག་གང་འདྲ་བྱུང་བ་དང་དེ་གའི་མི་རྣམས་ལ་ཤུགས་རྐྱེན་གང་ཞིག་ཐེབས་ཡོད་དམ་ཞེ་ན། མངའ་རིས་ས་ཁུལ་གྱི་བོད་རིགས་གྲོང་ཚོ་ཞིག་གི་འགྱུར་ལྡོག་ཆེན་པོར་ཅིག་བལྟ་བར་འགྲོ།

འབྱོར་འབྲིང་འཚོ་བ་ནི་གུང་ཁྲན་ཏང་གི་བཀའ་དྲིན་ཡིན།

ལོ་ངོ་སྟོང་གི་གནའ་ཤུལ། ལོ་རྒྱུས་བགྲེས་པོའི་ཉམས་འགྱུར། ལོ་རྒྱུས་ཀྱི་རི་སུལ་ནས་ཐོན་ཏེ་ཡུལ་སྐོར་གྱི་ཡོང་འབབ་གསོག་པའི་རྩྭ་ཧྲེང་ལ་མཚོན་ན། རྩྭ་ཧྲེང་སོད་ནམས་ལྷ་མོའི་ཚོར་སྣང་ཟབ་ཤོས་ནི་དབུལ་ཕོངས་ཀྱི་ཞྭ་མོ་རྒྱང་དུ་དབྱུགས་པ་དེ་རེད།

“བོད་རྙིང་པའི་སྐབས། མིའི་ཟ་མ་ནི་ད་ཆའི་རྟ་ཟོག་སེམས་ཅན་གྱི་ལྟོ་ཆས་ལས་ཀྱང་སྐྱོ་བ་ཡོད”བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ཀྱི་སྐབས་ཧ་ཅང་ཡ་ང་བའི་འཚོ་བའི་སྐོར་གྱི་དྲན་པ་ནི་ལྟོ་ཆས་ཞེས་པའི་མིའི་རིགས་ཀྱི་ཆེས་གཞི་རྩའི་སྐྱེ་ཁམས་ཀྱི་དགོས་མཁོ་དེའི་ཐད་མངོན་པར་མཚོན་ཡོད། ཟས་ཀྱིས་གྲོད་པ་ཀྱང་མི་རྒྱགས་ན་གཞན་དག་ནི་གླེང་ཐབས་བྲལ་ཡོད།“ད་ཆ་ཁ་ལག་ཡག་པོ་ཟོས་མི་ཚར་བ་དང་། གྱོན་པ་ཡག་པོ་ག་དུས་ཡིན་ཡང་གོན་རྒྱུ་ཡོད་པ། ཁང་པ་ཡག་པོའི་ནང་མི་སེར་སྡོད་རྒྱུ་ཡོད་པ་བཅས་ནི་ཏང་གི་བཀའ་དྲིན་རང་རེད”ཅེས་རྒན་མོ་བསོད་ནམས་ལྷ་མོས་བཤད།

ལས་རིགས་གཅིག་དར་ན་ལས་རིགས་ཀུན་རིམ་གྱིས་དར། ཁྱིམ་ཚང་མགྲོན་ཁང་གི་རྗེས་སུ་ལས་ལ་བརྩོན་པའི་རྩྭ་ཧྲེང་བ་རྣམས་ཀྱིས་སླར་ཡང་དམངས་ཁྲོད་ཨར་རྒྱག་རུ་ཁག་དང་། ཞང་ཞུང་བལ་རྒྱུ་ཅུང་འཇམ་པའི་ལུག་གསོ་ཚགས།

(པར་ངོས་གསུམ་པར་གཟིགས)

བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྦྲང་རྩི་ལས་ཀྱང་མངར།

(པར་ངོས་དང་པོར་མཐུད) ནས་ཀྱི་སོན་བཟང་འདེབས་འཛུགས་རྟེན་གཞི། ལྟ་སྐོར་སྐྱེལ་འདྲེན་རླངས་འཁོར་རུ་ཁག་སོགས་ཀྱི་ཐོན་ལས་སྔ་རྗེས་སུ་གཉེར་བ་མ་ཟད་དེ་དག་ཚང་མར་ཡར་རྒྱས་ཆེན་པོའང་བྱུང་ཡོད། མཐོ་ལྡིང་གྲོང་མི་ཨུ་ལྷན་གྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལྟར་ན། 2019ལོར་རྩྭ་ཧྲེང་བ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་52363.6(མཐའ་མཚམས་མི་སེར་དང་། ནགས་ལས། རྩྭ་ར་སོགས་སྲིད་ཇུས་ཀྱི་ཁ་གསབ་ཚུད)ཟིན་ཡོད། གྲངས་གཞི་དེ་སྔོན་ཆད་ཀྱི་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་ལྔ་ཙམ་ཡིན་པ་རེད།

རྒན་མོ་བསོད་ནམས་ལྷ་མོའི་བུ་ཚེ་རིང་རྡོ་རྗེ་ནི་མཐོ་ལྡིང་གྲོང་རྡལ་མཐོ་ལྡིང་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་ཞིང་། ཁོང་གིས“ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་མང་ཚོགས་ཀྱི‘སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ’གྱི་གནད་དོན་ཐག་གཅོད་ཐུབ་ཡོད། དུད་ཚང་དབུལ་པོར་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཁ་གསབ་ཡོད་ལ་གྲོང་ཚོའི་ནང་ཐོན་ལས་ཀྱི་ཁེ་སྤོགས་བགོ་འགྲེམས་ཀྱང་ཡོད་པར་བརྟེན། དབུལ་སྒྲོལ་བྱུང་བ་མ་ཟད་འཚོ་བ་ཡང་བདེ་སྐྱིད་ལྡན་པར་གྱུར་ཡོད”ཅེས་བཤད།

རྩྭ་ཧྲེང་དུ་བསྐྱོད་པ་ན། བོད་བཟོའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་གྲལ་སྟར་འགྲིག་པ་དང་ཨར་འདམ་ལམ་དུད་ཚང་ཚང་མའི་སྒོ་རྩར་མཐུད་ཡོད་ལ། རྩི་ཤིང་མེ་ཏོག་གིས་བརྒྱན་པས་དེ་བས་སྐྱིད་སྣང་དོད། དེ་ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྲུན་བྱས་ནས་ལོ་གཉིས་སོང་བའི་རྩྭ་ཧྲེང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་རེད། དེ་སྔོན་ས་ཁང་དུ་འཚོ་བ་སྐྱེལ་བའི་ཞིང་བྲན་གྱི་དུད་ཚང་ཚང་མ་འབྱོར་འབྲིང་ཁྱིམ་ཚང་དུ་གྱུར་ནས་སྔ་དེང་གི་འགྱུར་ལྡོག་ཆེན་པོ་ལས་ཚོར་སྣང་ཟབ་མོ་སྦྱིན།

གྲོང་ཚོའི་དབུས་སུ་གནས་པའི་བཅིངས་འགྲོལ་བདེ་སྐྱིད་ཀྱི་ཁྱིམ་ཚང་མགྲོན་ཁང་གི་སྒོ་ཕྱེ་ནས་མགྲོན་པོ་བསུ་བཞིན་ཡོད་པ་དང་། བོད་རྒྱ་དབྱིན་གསུམ་བྲིས་ཡོད་པའི་སྒོ་བྱང་མངོན་གསལ་ཧ་ཅང་དོད། སྒོ་ར་ཁོད་ཡངས་ལ་གཙང་སྦྲ་དོད་ཅིང་། ཁང་པའི་ནང་གི་བཀོད་པ་ལེགས་པ་དང་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེར་བཞད་འདུག ད་ལོ་ལོ་50ལ་སླེབས་པའི་ཁྱིམ་འཛིན་མ་བཅིངས་འགྲོལ་བདེ་སྐྱིད་ཀྱིས་དགའ་བའི་འཛུམ་གྱིས་བསུས་ནས་ཇ་བསྲུབས་མ་བཀྱགས་པས། སྐོམ་པ་སེལ་ཁར་གུ་གེའི་གནའ་ཤུལ་ལ་འཛེགས་པའི་ངལ་དུབ་ཀྱང་འཕྲལ་མར་བསལ།

“ཁྱིམ་ཚང་མགྲོན་ཁང་གི་གཙང་སྦྲ་དོད་པ་དང་ཞབས་འདེགས་ཡག་པོ་ཞུ་དགོས་ཁར། ཡུལ་སྐོར་བའི་དགོས་མཁོ་སྐོང་གང་ཐུབ་བྱེད་པ་དང་། སེམས་རྩ་འཁོལ་པོ་བྱས་ན་ཡུལ་སྐོར་བ་ཇེ་མང་དུ་འགྲོ་ངེས་རེད”ཁྱིམ་ཚང་མགྲོན་ཁང་ལོ་14གཉེར་རིང་བཅིངས་འགྲོལ་བདེ་སྐྱིད་ཀྱི་ཁྱིམ་ལ་ཐོག་མའི་ཉལ་ཁྲི་4ནས་ད་ཆའི་ཉལ་ཁྲི་36བར་མང་དུ་སོང་བ་དང་། ས་ཁང་ནས་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཁང་པའི་བར། ཆུ་དང་གློག་མེད་པ་ནས་གསང་སྤྱོད་དང་ཁྲུས་ཁང་བཅས་ཡོད་ཚད་ཚང་མ་འཛོམས་པའི་བར་འཕོ་འགྱུར་ཆེན་པོ་ཕྱིན་ཡོད།

གསར་དུ་བརྒྱབ་པའི་འཕྲོད་བསྟེན་ཁང་གི་ཁ་སྤྲོད་ནི་གྲོང་ཚོའི་སྨན་པ་མཚོ་མོའི་ཁྱིམ་ཡིན། གཞི་རྩའི་སྨན་ཆ་ཚང་པོ་ཡོད་པས་གྲོང་མི་མགོ་ན་བ་དང་ཚ་བ་རྒྱས་ན་གྲོང་ཚོ་ནས་དོན་དགོས་ཀྱི་མེད། “ང་ཚོའི་མི་སེར་ཚོའི་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡོད། ད་ཆའི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ཡང་དེ་སྔོན་དང་གཏན་ནས་བསྡུར་ཐབས་མེད” མཚོ་མོས་གྲོང་ཚོའི་སྨན་པ་བྱས་ནས་ལོ་40ལྷག་ཙམ་སོང་བ་དང་། ཁོང་གི་ཚོད་དཔག་ལྟར་ན་གྲོང་ཚོའི་ནང་གི་མིའི་ཆ་སྙོམས་ཚེ་ཚད་སྐབས་དེའི་ལོ་45ནས་ད་ཆའི་ལོ་80བར་མཐོ་རུ་ཕྱིན་ཡོད་པ་རེད།

ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན།

ཚོམས་ཆེན་དུ་བཅིངས་འགྲོལ་བདེ་སྐྱིད་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་མཉམ་པར་བཤམས་འདུག་ལ་དེ་དག་ནི་ཡུལ་སྐོར་བས་པར་བཀྲུས་རྗེས་སྦྲག་སྐུར་རམ་ཡང་ན་སླར་ཡང་བོད་ལ་ཡུལ་སྐོར་དུ་ཡོང་དུས་འཁྱེར་ཡོང་བ་རེད། འདྲ་པར་དེ་དག་ལས་བཅིངས་འགྲོལ་བདེ་སྐྱིད་ཀྱི་ཁྱིམ་དང་ཡུལ་སྐོར་བའི་གཏམ་རྒྱུད་རེ་རེ་འཁོད་ཡོད།

“ངས་བཏབ་པའི་མེ་ཏོག་སླར་ཡང་སྐྱེས་འདུག་པས་ཁྱེད་ཀྱིས་གཡོག་བྱེད་ཡག་པོ་གནང་བར་བཀའ་དྲིན་ཆེ”ཞེས་པ་དེ་ནི་ཞའོ་ཧོ་ཡིས་བཅིངས་འགྲོལ་བདེ་སྐྱིད་ལ་སྐད་འཕྲིན་ནང་བཤད་པའི་སྐད་ཆ་ཞིག་རེད། ཞའོ་ཧོ་ཡིས་རང་ཉིད་ལ་སླར་ཡང་བསྔགས་བརྗོད་བྱས་པ་ཐོས་པས་བཅིངས་འགྲོལ་བདེ་སྐྱིད་ཀྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར། ཁོང་གིས་2017ལོའི་ལོ་ཐོ་ཞིག་བཏོན་པ་དེའི་ནང་ཁོང་གི་ཁྱིམ་ཚང་མགྲོན་ཁང་བརྗོད་དོན་གཙོ་བོར་བཀོད་ཡོད་པ་དང་དེ་ནི་ཞའོ་ཧོ་ཡིས་ཆེད་མངགས་བཟོས་ནས་བཅིངས་འགྲོལ་བདེ་སྐྱིད་ལ་སྤྲད་པའི་ལག་རྟགས་ཤིག་རེད།

ཡུལ་སྐོར་བརྒྱུད་རྩྭ་ཧྲེང་དུ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡག་པོ་བྱུང་ཡོད།“ཡུལ་སྐོར་བ་སླེབས་དུས་ཨ་མ་གཅིག་པུ་ཁྱིམ་དུ་སྡོད་སྐབས། ཁོང་ཚོས་ང་ལ་ཁ་པར་བརྒྱབ་རྗེས་རང་ཁྱིམ་དུ་སླེབས་པ་བཞིན་ཐད་ཀར་མགྲོན་ཁང་དུ་སྡོད་ཀྱི་ཡོད”ཡུལ་སྐོར་ལ་བརྟེན་ནས་ང་ཚོ་རྒྱལ་ཡོངས་ཀྱི་ས་ཆ་ཁག་གི་མི་དང་འབྲེལ་འདྲིས་བྱུང་བ་དང་། ཚང་མའི་དབར་སྔར་བས་སེམས་ཐག་ཉེ་རུ་ཕྱིན་སོང་ཞེས་ཚེ་རིང་རྡོ་རྗེས་བཤད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)