《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月10日

ཝུའུ་དབྱིང་ཅེས་ཝང་ཉིང་བཅས་པ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་པེ་ཅིང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཡོན་ཀྲང་བཅས་ཡིན་པའི་ཝང་ཉིང་དང་བཞུགས་མོལ་གནང་སྟེ། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་ལས་དང་གཉིས་ཕན་འཕེལ་རྒྱས་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཏིང་ཡེ་ཤན་དང་། ཀྲོང་ཡན། པད་མ་དབང་འདུས། ལིའུ་ཅང་བཅས་ལྷན་དུ་ཕེབས་ཡོད་པ་རེད།

ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་པེ་ཅིང་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། པེ་ཅིང་གྲོང་ཁྱེར་སློབ་གསོ་ལས་དོན་ཨུ་ལྷན་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཝུའུ་དབྱིང་ཅེས་བསྟན་དོན། དུས་ཡུན་རིང་པོའི་ནང་པེ་ཅིང་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ནས། ཁ་གཏད་རོགས་སྐྱོར་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་བརྩེ་སེམས་བཅངས་ནས་སློབ་གསོའི་བོད་སྐྱོར་ལས་དོན་ཁག་གི་ནང་ཞུགས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཁག་ཅིག་བསྐྲུན་པ་དང་། སློབ་གྲྭ་གྲགས་ཅན་གྱིས་ཡན་ལག་སློབ་གྲྭ་གཉེར་བའི་སློབ་གསོའི་བོད་སྐྱོར་བྱེད་སྟངས་གསར་པ་བཏོད་ནས། བོད་ཀྱི་སློབ་མ་ཚོ་ཁྱིམ་གྱི་སྒོ་རྩ་ནས་ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་བྱེད་པའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ནམ་ཡང་བློ་ལ་བརྟན་པོར་འཆང་བ་དང་བཀའ་དྲིན་ཚོར་བཞིན་ཡོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཝུའུ་དབྱིང་ཅེས་བསྟན་དོན། དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་ངོས་ནས་བོད་ལ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་གནང་ཡོད། བོད་ཀྱི་སློབ་གསོའི་སྤྱི་ཡོངས་འཕེལ་རྒྱས་ཀྱི་ཆུ་ཚད་དེ་རྒྱལ་ཡོངས་དང་ཐ་ན་དབུས་ནུབ་རྒྱུད་ཀྱི་ཆ་སྙོམས་ཆུ་ཚད་དང་ད་དུང་ཧེ་བག་ངེས་ཅན་ཡོད་པས། པེ་ཅིང་གྲོང་ཁྱེར་སློབ་གསོ་ལས་དོན་ཨུ་ལྷན་གྱིས་སྔར་རྒྱུན་བཞིན་ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རིགས་གཅིག་མཁས་ཅན་འདེམས་གཏོང་བྱས་ནས་སློབ་གསོའི་སྤྱིའི་འཆར་འགོད་ཡག་པོ་བཟོ་བ་དང་། སློབ་གསོའི་ཐོན་ཁུངས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། དུས་རབས་གསར་པའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་ཀྱི་ཐད་རོགས་རམ་གནང་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། མི་གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། བོད་ཀྱི་དོན་དངོས་དང་མཐུན་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་གཞི་རྩོམ་སྒྲིག་བྱེད་རོགས་བྱེད་པ། མི་རིགས་ཁག་གི་སློབ་མར་དར་ཆ་གསལ་སྟོན་གྱི་སྒོ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། སྦྱངས་པའི་ཤེས་བྱར་བརྟེན་ནས་མཐའ་འཁོར་གྱི་མི་རྣམས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བར་ཤུགས་རྐྱེན་ཐེབས་པར་བྱེད་པ། པེ་ཅིང་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་སློབ་གསོ་སྡེ་ཚན་དང་འབྲེལ་གཏུག་དང་སྤེལ་རེས་གཏིང་ཟབ་བྱས་ནས་བོད་ལ་རྐང་འཛིན་དགེ་རྒན་གྱི་དཔུང་ཁག་སྟོབས་ཆེར་གཏོང་རོགས་བྱས་ཏེ་བོད་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱེད་པ་དང་ཆབས་ཅིག པེ་ཅིང་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དེང་རབས་ཅན་གྱི་དོ་དམ་འཆར་འགོད་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་རྒྱུ་བཅས་ཀྱི་ཐུགས་རེ་གནང་བ་རེད།

ཝང་ཉིང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་ཟབ་མོ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཝང་ཉིང་གིས་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་བ་ནི་པེ་ཅིང་གྲོང་ཁྱེར་གྱི་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པ་དེའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། ང་ཚོས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་འཆང་བ་དང་། རང་འགུལ་ངང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པ། སེམས་ནུས་ཡོད་རྒུས་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས། བོད་སྐྱོར་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་རྒྱུ་མ་ཟད། ཚན་རྩལ་གྱི་བྱ་ཐབས་སྤྱད་ནས་དྲ་སྦྲེལ་གྱི་བྱ་ཐབས་དེ་བོད་སྐྱོར་ལས་དོན་ཁྲོད་སྣུར་སྲིང་བྱས་ནས་པེ་ཅིང་གི་ཐོན་ཁུངས་དེ་བས་མང་བ་དང་དེ་བས་ལེགས་པ་བོད་ཀྱིས་མཉམ་སྤྱོད་ཐུབ་པ་བྱས་ཏེ་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་སྔར་བས་ལེགས་པ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།

(ཉི་མ་དོན་གྲུབ་དང་གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)