《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月06日

བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཚེས་3ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་གྱི་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་སྤེལ་ཚུལ་ལ་ཕྱིར་ལྟ་དང་ཕྱོགས་བསྡོམས་བྱས་པ་དང་། དེང་སྐབས་ཀྱི“ཞིང་གསུམ”ལས་ཀའི་དུས་བབ་ལ་དབྱེ་ཞིབ་བྱས་པ། ལོ་སྨད་ཀྱི“ཞིང་གསུམ”གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་རྒྱལ་མཚན་གྱིས་2020ལོའི་ལོ་སྟོད་ཀྱི“ཞིང་གསུམ”ལས་དོན་སྤེལ་ཚུལ་བརྡ་ཁྱབ་གནང་བ་དང་ལོ་སྨད་ཀྱི“ཞིང་གསུམ”ལས་དོན་གྱི་གྲོས་འགོ་བཏོན་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ནས་རྣམ་པ་གསར་པ་དང་ཁྱད་ཆོས་གསར་པ་འབུར་དུ་མངོན་ཡོད། གཅིག འབྲུ་རིགས་བདེ་འཇགས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ནས་འབྲུ་རིགས་ཀྱི་ཐོན་སྐྱེད“ཐོན་ཚད་མཐོ་པོ”ནས“སྤུས་ཚད་ལེགས་པོ”བར་གྱུར་པ་དང་། གཉིས། ཁྱད་ལྡན་ཞིང་ལས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་ཤིང་། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་རྣམ་པ“སྲོལ་རྒྱུན་གྱི་ཞིང་ལས་ཆུང་བའི་དཔལ་འབྱོར”ནས“དེང་རབས་ཀྱི་ཐོན་ལས་རྣམ་པར”གྱུར་པ། གསུམ། ལས་ཞུགས་གསོ་སྦྱོང་བྱེད་ཤུགས་དང་དམིགས་སའི་རང་བཞིན་ཆེ་རུ་བཏང་ནས་ངལ་ནུས་ཀྱི་ལས་ཞུགས་གཞན་སྒྱུར“ངལ་ནུས་རྣམ་པ”ནས“རྩལ་ནུས་རྣམ་པར”རིམ་བཞིན་གྱུར་པ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བཞི། ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ནང་སྐྱེས་སྒུལ་ཤུགས་སྔར་བས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཐད“གཞན་སྐུལ”ནས“རང་འགུལ”དུ་རིམ་བཞིན་འགྱུར་བ། ལྔ། གྲོང་གསེབ་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་ཡོངས་ནས་གོ་རིམ་ལྡན་པ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དེ“ནུས་མེད་ཟབ་ཟོབ”ནས“སྟོབས་ཤུགས་ནུས་ལྡན”དུ་འགྱུར་བ་བཅས་བྱས་ཡོད། སླད་ཕྱིན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དེང་སྐབས་ཀྱི་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པར་དོན་དངོས་དང་མཐུན་པའི་དབྱེ་ཞིབ་བྱེད་པ་དང་ཞིང་གསུམ”ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱས་ནས་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

ཡན་ཅིན་ཧའེ་ཡིས་ལོ་སྨད་ཀྱི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་སྟེ། གཅིག་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས་ཤིང་། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་གནང་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་རྒྱག་ས་ནས་འགོ་འཛུགས་པ། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བའི་འགོ་ཚུགས་ས་དང་དོན་ལ་བབས་ས་བཅས་ཀྱི་ཐོག་ནས“ཞིང་གསུམ”ལས་དོན་ཏན་ཏན་ཏིག་ཏིག་བསྒྲུབས་ཏེ། “འཐབ་ཇུས་ཀྱི་སྒོ་ར་རྒྱབ་མ”དང“བསྣན་རྡོའི”ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་དང་། གཉིས་ནས་སྒྲིག་ལམ་ལ་སྣང་ཆེན་བྱེད་དགོས་ཤིང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་མཐའ་འཁྱོངས་ཀྱིས“ཞིང་གསུམ”གྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབས་ནས་སྔར་ཡོད་ཀྱི་ལས་ཀའི་རྨང་གཞིའི་ཐོག་མུ་མཐུད་སྐུལ་འདེད་གཏོང་བ་དང་བྱེད་བཞིན་པའི་ལས་དོན་མུ་མཐུད་ཡག་པོ་དང་ཏན་ཏིག་སྒྲུབ་དགོས་པ། གསུམ་ནས་དངོས་སྒྲུབ་ལ་སྣང་ཆེན་བྱེད་དགོས་ཤིང་། བོད་ཀྱི་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་དང་ཆོས་ཉིད་དང་དུས་བབ་དང་བསྟུན་ནས་ལས་ཀ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་ལ་སྣང་ཆེན་བྱེད་པ། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་ལས་དོན་ཇུས་གཞི་འགོད་པ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་ཚོར་ཕན་འདོགས་པ། དམངས་སེམས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ལས་དོན་མང་ཙམ་སྒྲུབ་པ་བཅས་བྱས་ནས་ཞིང་འབྲོག་པས་སེམས་ཁྲལ་བྱེད་པ་དང་དོ་ཁུར་བྱེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པ། བཞི་ནས་ལས་ཕྱོད་ལ་སྣང་ཆེན་བྱེད་དགོས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་དང་ཞིང་འབྲོག་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་བཅས་རེད།

(བསོད་བདེ་གཞོན་པས་བསྒྱུར། སྤེན་ཚེས་ཞུས)