《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月06日

རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།

ཏིང་ཡེ་ཤན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཚེས་4ཉིན་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། སྤྱི་བདེ་པུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། སྙན་ཞུ་ཉན་པ། ལས་དོན་བཀོད་སྒྲིག་བཅས་བྱས་ཡོད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ནས། ཞན་ཆ་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། ལེགས་ཆ་དར་སྤེལ། རྨང་གཞི་བརྟན་གཏོང་བཅས་མཐའ་འཁྱོངས་དང་གཞི་རིམ་ཏང་འཛུགས་སྐྱོང་གིས་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཏིང་ཡེ་ཤན་གྱིས། ཉེ་དུས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བ། ཧྲུའུ་ཅི་ཝུའུ་དབྱིང་ཅེས་གནང་བའི“བཀའ་མོལ་ཚིག་གསུམ”གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། “དོ་དམ་དང་། བཅོས་སྐྱོང་། སློབ་གསོ”བཅས་ཟུང་འབྲེལ་མཐའ་འཁྱོངས་བཅས་བྱས་པས་རང་ལྗོངས་ཀྱི་ཡིག་རྒྱུགས་ཁག་དང་ལས་ཞུགས་ལས་བསྡུ་བདེ་བླག་ཡོང་བའི་འགན་ལེན་ཐུབ་པ་དང་འཕྲལ་སྡོམ་དང་ཉེན་སེལ་རྒུད་སྐྱོབ་ནུས་ལྡན་བྱུང་ནས“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ། རིམས་ནད་དང་གནོད་འཚེའི་དུས་བབ་འོག་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་བཅས་བྱ་ཆེད་ཁོར་ཡུག་བཟང་པོ་བསྐྲུན་ཡོད་ཅེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས། “སྤྱི་ཡོངས་གཉིས”བློ་ལ་འཆང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཐོག་མཐའ་བར་གསུམ་དུ་འགག་རྩར་དམ་འཛིན་བྱས་ཏེ་ཁྱོན་ཡོངས་ནས་སྔོན་འགོག་དང་ཚོད་འཛིན་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ལྷུ་ཚིགས་ལ་དོ་དམ་ཚོད་འཛིན་བྱེད་པ། འགལ་ཟླ་སེལ་བ། དྲ་རྒྱའི་གླེང་ཕྱོགས་ལ་ལྟ་འདོམས་དང་ཆེད་དོན་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཉེན་ཁར་དཔྱད་དཔོག་དང་ཞིབ་འཇུག་བརྡར་ཤ་སྤྱོད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་གྲ་སྒྲིག་ཧུར་ཐག་བཅས་བྱས་ཏེ་ཉེ་དུས་ཀྱི་བདེ་འཇགས་འགན་ལེན་གྱི་ལས་དོན་ཏན་ཏིག་སྒྲུབ་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་མ་ཡོང་སྔོན་འགོག་མཐའ་འཁྱོངས་བྱེད་པ། ཁྲིམས་བཞིན་སྔོན་འགོག་ཚོད་འཛིན་དང་བཅོས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ“ནན་པོ”དང“ཏན་ཏིག”གི་བླང་བྱར་གཞིགས་ནས་ལས་དོན་ཡག་པོ་སྒྲུབ་པ་དང་། ས་ཁོངས་ཀྱི་འགན་འཁྲི་དང་ལས་གནས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། སྔོན་འགོག་སྔོན་དུ་འཇོག་པ་དང་དོགས་ཟོན་གལ་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ཐག་གཅོད་བཅས་བྱེད་དགོས། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ལས་དོན་གྱི་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱས་ནས་ལས་ཆོད་ཆེ་རུ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)