《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月06日

འབད་འབུངས་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་གདོང་མཆོང་བྱེད་དགོས།

—— རང་ལྗོངས་ཀྱི་དེང་སྐབས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གླེང་བ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་འདི་གར་གཅིག་སྡུད་དང་། “ལོ་ལྔ་ཚན་གྱི་འཆར་འགོད”གཉིས་འདི་གར་རྩིས་སྤྲོད་རྩིས་ལེན། “ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཕུགས་འདུན”འདི་གར་མངོན་འགྱུར། “རླབས་ཆེའི་བསྐྱར་དར་གྱི་ཕུགས་འདུན”འདི་གར་མུ་མཐུད་མངོན་འགྱུར་བྱེད། དཀའ་ངལ་མང་པོ་སྤྱད་པ་དང་འཚོལ་ཞིབ་ལྷོད་མེད་བྱས་པ་བརྒྱུད་མིག་སྔར་དམིགས་ཚད་ལས་འགན་ཐུགས་གྲ་ལེགས་འགྲིག་ཡོང་བར་ལོ་ཕྱེད་ཙམ་ཡང་མེད་པ་དང་ཀྲུང་ཧྭ་མི་རིགས་ཀྱིས་འབད་འཐབ་བྱེད་པའི་ལོ་བརྒྱ་དང་པོའི་ཕུགས་འདུན་མངོན་འགྱུར་བྱེད་པར“མཐའ་མའི་འགག་གནད”ལས་ལྷག་མེད་པས་ང་ཚོ་ཕྱོགས་ཡོངས་ནས་མཇུག་བསྡུ་རྩིས་རྒྱག་གི་འགག་རྩའི་དུས་སྐབས་སུ་སླེབས་པ་དང་མཐའ་མའི་གདོང་མཆོང་གི་འགག་རྩའི་དུས་མཚམས་སུ་སླེབས་ཡོད།

ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱ་ཆེད་བཀོད་སྒྲིག་གལ་ཆེན་དང་བླང་བྱ་ཁ་གསལ་བཏོན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཐུབ་པའི་འགན་ལེན་བྱ་ཆེད་སླར་ཡང་བཀོད་སྒྲིག་གནང་བ་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆོད་སེམས་དང་གདེང་ཚོད་བརྟན་པོ་གང་ལེགས་མངོན་པས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་གདེང་ཚོད་བརྟན་པོ་དང་སྙིང་སྟོབས་ཆེར་སྐྱེད་ལ་སྐུལ་མ་ཐེབས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རླབས་ཆེན་རྒྱལ་ཁ་འབད་འབུངས་ཆེན་པོས་ལེན་ཐུབ་ངེས་རེད།

ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་གདོང་མཆོང་བྱེད་པར་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཞིབ་ཚགས་བྱེད་དགོས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་ཇུས་གཞི་བཀོད་སྒྲིག་གནང་བ་དང་། དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་བ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རྣམ་གྲངས་གལ་ཆེན་རབ་དང་རིམ་པ་འཆར་འགོད་གནང་བ་བཅས་ལས་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་བརྩི་སྲུང་ཞུ་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་བསྣན་པ་བཅས་རེད། ང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཞིབ་ཚགས་བྱས་ཚེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་དང་། ཡིད་ཆེས། སྟོབས་ཤུགས་བཅས་ཡོང་བ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད།

ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་གདོང་མཆོང་བྱེད་པར་དམིགས་ཚད་སྟོན་ཕྱོགས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ“འབྲེལ་བ་ཆ་བཅུ་གསུམ”གྱི་ལས་ཀའི་བྱེད་ཐབས་དེ་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་དམ་འཛིན་བྱེད་གཞི་ནུས་ལྡན་དུ་བརྩིས་ཏེ་ནུས་ཤུགས་ཡོད་རྒུས་ཞན་ཆ་སེལ་བ་དང་། ཞན་ཆ་ལེགས་བཅོས། ལེགས་ཆ་དར་སྤེལ་གཏོང་བ་བཅས་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཏན་ཏིག་སྤེལ་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་སྲིང་སྲ་བརྟན་དང་རིམ་སྤོར་བྱེད་པ། དེ་བས་ཕུན་སུམ་ཚོགས་ལ་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་གང་ཐུབ་ཡོང་བ། གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། དམངས་འཚོ་འགན་ལེན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྲུང་སྐྱོང་དང་སྐུལ་སྤེལ་ཤུགས་ཆེན་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པའི་འགན་ལེན་བྱེད་དགོས།

ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་གདོང་མཆོང་བྱེད་པར་འགན་འཁྲི་འཁུར་སེམས་དང་ཆབ་སྲིད་ཀྱི་འགན་སེམས་ཆེ་རུ་གཏོང་དགོས་ཤིང་། ང་ཚོས་འགན་འཁྲི་འཁུར་སེམས་དང་ཆབ་སྲིད་ཀྱི་འགན་སེམས་ཆེ་རུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་སྒྲེང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་འདོན་སྤེལ་བྱེད་པ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་ལས་དོན་ཁག་གི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་པ་བཅས་བྱས་ནས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་300ཡི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ནས་ངེས་ཤུགས་རྒྱུན་འཁྱོངས་དང་། སྒྲུབ་ཕོད་པ་དང་མཆོང་ཕོད་པ། བྱེད་མཁས་ལ་རྗེས་ཐོན་པ། དམིགས་ཚད་གཏན་འཁེལ། བྱེད་ཐབས་ནན་པོ་སྤྱོད་པ། ཞུམ་མེད་མདུན་སྐྱོད་བཅས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་རྒྱུས་ཀྱི་རྒྱུགས་ཤོག་ཐོག་སྤོབས་སེམས་ཆེན་པོས་རྩོམ་རྩལ་ངོམས་པ་དང་བརྗིད་ཆེའི་ལེའུ་རྩོམ་དགོས།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་བརྒྱའི་ཕུགས་འདུན་མངོན་འགྱུར་ཐུབ་ལ་ཉེ་བས། ལོ་རྒྱུས་ཀྱིས་བློ་བརྟན་འགྱུར་མེད་བ་དང་། འབད་འབུངས་པ། རྩོལ་འཐབ་པ་བཅས་ལ་གོ་སྐབས་བསྐྲུན་པ་ལས་བློ་རྩེ་གཉིས་དང་། སྒྱིད་ལུག་ཅན། དཔའ་ཁུམ་མཁན་བཅས་ལ་གོ་སྐབས་གང་ཡང་བསྐྲུན་མི་སྲིད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཐོག་མའི་བསམ་འདུན་བརྟན་པོ་དང་འགན་འཁྲི་ཕྲག་སྟེང་དུ་ཁུར་ནས་དུས་ཚོད་ལ་དམ་འཛིན་དང་དུས་བཟང་ལ་གཅེས་སྤྲས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“མཐའ་མའི་འགག་གནད”ནུས་ཤུགས་ཡོད་རྒུས་ཤར་གཏོང་ཐུབ་པ་བྱས་ཏེ་དུས་དཔག་བབ་བསྟུན་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་དེ་དུས་རབས་གསར་པའི་བོད་ཀྱི་བྱ་གཞག་ཁག་གི་རྣམ་པ་གསར་པ་འབད་འབུངས་ཆེན་པོས་གསར་གཏོད་བྱེད་དགོས།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)