《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月06日

ལས་སླ་པོར་བྱུང་བ་མ་ཡིན་པའི“5.1%”

—— རང་ལྗོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྐོར་གྱི་གསལ་འགྲེལ།

▶ ལོ་སྟོད་ཀྱི་ཐོན་ལས་གསུམ་གྱི་འཕེལ་རྒྱས་གནས་ཚུལ་ལ་བལྟས་ན། ཐོན་ལས་དང་པོ་2.5%འཕར་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་1.3གྱིས་མཐོ་བ་ཡོད་པ་དང་། ཐོན་ལས་གཉིས་པ་8.5%འཕར་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་1.4ཡིས་མཐོ་བ་ཡོད་པ། ཐོན་ལས་གསུམ་པ་3.4%འཕར་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་5.1གིས་མཐོ་བ་ཡོད་པ་རེད།

▶ ལོ་སྟོད་དུ་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མགྱོགས་མྱུར་འཕར་ནས་མུ་མཐུད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8.8%འཕར་བ་དེ་དུས་ཚིགས་གོང་མ་ལས་བརྒྱ་ཆའི་གྲངས་0.6གིས་མཐོ་རུ་ཕྱིན་ནས། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་7.3གྱིས་མཐོ་བ་ཡོད། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10.4%འཕར་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.9མཐོ་རུ་ཕྱིན་པ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་6.7གྱིས་མཐོ་བ་ཡོད་པ་རེད།

ཉེ་ཆར་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་ལོ་སྟོད་ཀྱི་དཔལ་འབྱོར་གྲངས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་གྱི་གཅིག་གྱུར་ཞིབ་རྩིས་ཀྱི་འབྲས་བུ་གཞིར་བཟུང་། 2020ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར་838.38ཟིན་ནས་དུས་མཚུངས་ལས་5.1%འཕར་ཡོད་པ་རེད།

འདི་ནི་ལས་སླ་པོར་བྱུང་བ་མ་ཡིན་པའི་5.1%ཡིན་ཞིང་། “ལོ་སྟོད་དུ་རྙོག་འཛིང་དང་ཛ་དྲག་པའི་གཞིས་ཆེན་དཔལ་འབྱོར་གྱི་དུས་བབ་དང་དཀའ་ཚེགས་ཆེ་བའི་རིམས་འགོག་ལས་འགན་གྱི་མདུན་དུ་རང་ལྗོངས་ཀྱི་དཔལ་འབྱོར་སྟོན་གྲངས་གཙོ་བོ་ཆག་ཉུང་བ་ནས་རིམ་གྱིས་འཕར་བ་དང་སྟོན་གྲངས་མང་པོ་ཞིག་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་ལས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་སྤྱི་ཡོངས་བརྟན་པ་དང་། ཡུན་རིང་ལེགས་པའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད་པ། འཕེལ་རྒྱས་ཀྱི་ངར་ཤུགས་དང་གསོན་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ་བཅས་མངོན་ཡོད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཁྲེན་ཕུས་བརྗོད།

ཁྲེན་ཕུས་དབྱེ་ཞིབ་བྱས་པར། ལས་སླ་པོར་བྱུང་བ་མ་ཡིན་པའི་གྲུབ་འབྲས་འདི་ནི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་བཅས་ལས་བྱུང་བ་ཞིག་རེད།

སྤྱི་འདོམས་ཉིས་བརྩེགས་ལ་དམ་འཛིན་ཡག་པོ་བྱས་ཏེ་དཔལ་འབྱོར་སླར་གསོ་མགྱོགས་མྱུར་བྱུང་བ།

ཟླ་དང་པོའི་ཟླ་སྨད་དུ་རྒྱལ་ཡོངས་སུ་ཏོག་གསར་གློ་ཚད་རིམས་ནད་གློ་བུར་དུ་ཐོན་པ་དང་ཟླ་དང་པོའི་ཚེས་30ཉིན་རང་ལྗོངས་ཀྱིས་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་བརྡ་ལན་ལག་བསྟར་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ནན་ཤོས་ལག་བསྟར་བྱས་ནས་བཟོ་གྲྭ་ཐོན་སྐྱེད་བྱེད་མཚམས་བཞག་པ་དང་ཚོང་ཁང་སྒོ་བརྒྱབ་པ་སོགས་དཔལ་འབྱོར་འཕེལ་རྒྱས་གནས་སྐབས་མཚམས་བཞག་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ས་མཐོའི་བུ་ཕྲུག་ཁྲི་300ལྷག་ཙམ་གྱིས་དཔའ་ངར་ཆེན་པོས་རིམས་འགོག་དམག་འཐབ་ལ་འབད་ཅིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་མདུན་ཕྱོགས་སུ་བཀོད་འདོམས་དང་གོང་གིས་འོག་ལ་སྣེ་ཁྲིད་བྱས་པ་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཞོགས་འདེགས་མཐུན་སྦྱོར་བྱས་ཏེ་ནུས་ལྡན་དང་། གོ་རིམ་ལྡན་པ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་བཏང་བ་རེད། ཟླ་2ཚེས་12ཉིན་བོད་ཀྱི་ཏོག་གསར་གློ་ཚད་ཕོག་མཁན་ནད་པ་གཅིག་བུ་དེ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་ནད་པ་དེ་དང་འབྲེལ་ཐུག་དམ་ཟབ་བྱེད་མྱོང་ཡོད་མཁན་32ཟླ་2ཚེས་8ཉིན་ལོགས་སུ་བཞག་ནས་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་བསྟུན་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31ནས་ནད་དཔེ་གཏན་འཁེལ་དང་དོགས་གཞིའི་ནད་དཔེ་མེད་པའི་རང་སྐྱོང་ལྗོངས་སུ་གྱུར་ཡོད།

དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཕྱོགས་གཅིག་ནས་རིམས་འགོག་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་དཔལ་འབྱོར་ལ་དམ་འཛིན་བྱས་པ་མ་ཟད། སྔ་རྗེས་སུ་ནོར་ཁྲལ་དངུལ་རྩ་དང་། རྣམ་གྲངས་འཛུགས་སྐྲུན། དཔྱིད་དུས་ཞིང་འབྲོག་ལས་ཐོན་སྐྱེད་སོགས་ཀྱི་སྲིད་ཇུས་བྱེད་ཐབས་བཏོན་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་ཡོད།

ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་ཆེད། རིམས་ནད་ཐོན་རིང་གནས་སྐབས་ལས་གཉེར་བྱེད་མཚམས་བཞག་པའི་སྡེབ་ཚོང་སིལ་ཚོང་དང་། ཞག་སྡོད་བཟའ་བཏུང་། ཟོག་འགྲེམས་སྐྱེལ་འདྲེན། རིག་གནས་ཡུལ་སྐོར་སོགས་ལས་རིགས་ཀྱི་ཁེ་ལས་དང་ལས་འགོ་བསྐྱར་འཛུགས་གང་ལེགས་བྱུང་མེད་པའི་བཟོ་ལས་ཁེ་ལས་ལ་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་རྩ་ཆག་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། དམིགས་བསལ་དཀའ་ངལ་ཕྲད་པའི་རྐྱེན་གྱིས་དུས་བཀག་ལྟར་ཁྲལ་འཇལ་མི་ཐུབ་པའི་ཁེ་ལས་ལ། ཁེ་ལས་ཀྱིས་གཙོ་གཉེར་དོ་དམ་ཁྲལ་དོན་སྡེ་ཚན་ལ་ཁྲིམས་བཞིན་ཁྲལ་འཇལ་ནར་འགྱངས་བྱེད་རྒྱུའི་རེ་ཞུ་ཕུལ་བ་དང་ནར་འགྱངས་ཀྱི་དུས་ཡུན་རིང་ཤོས་ཟླ་བ་གསུམ་ལས་མི་བརྒལ་བའི་བྱེད་ཐབས་སྤྱད་ཡོད།

དཔྱིད་དུས་ཞིང་འབྲོག་ལས་ཐོན་སྐྱེད་ཐད། གཙོ་བོ་ནས་ཐོན་འཕར་དང་འབྲི་གཡག་བཤའ་བ་སོགས་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་བཏང་ཞིང་། དཔྱིད་རྨོད་དཔྱིད་གྲབས་ཀྱི་ཐོན་སྐྱེད་བཀོད་སྒྲིག་ཡག་པོ་བྱས་པ་དང་དགུན་སྒྲོལ་ལོ་ཏོག་དང་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རྒྱུ་ཆ་དང་ཐོན་སྐྱེད་མཁོ་སྤྲོད་སྒྲིག་འཛུགས་ཡག་པོ་བྱས་ཡོད།

གཞན་ཡང་རང་ལྗོངས་ཀྱིས་ད་དུང་ལས་གྲྭའི་རྣམ་གྲངས་གལ་ཆེན་དུས་བཀག་ལྟར་ལས་འགོ་འཛུགས་པའི་འགན་ལེན་སྲིད་ཇུས་བྱེད་ཐབས་བཏོན་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི“དམངས་འཚོའི་རྣམ་གྲངས་ཆེན་པོ་གསུམ”དང་དེ་བཞིན་ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་དང་། ནག་ཆུ་ནས་ལྷ་སའི་བར་གྱི་རིམ་མཐོའི་གཞུང་ལམ། ལྷ་ཉིང་ལྕགས་ལམ། རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་རྒྱས་སྐྲུན་བསྐྱར་སྐྲུན་ལས་གྲྭ ལྷ་ས་གོང་དཀར་གནམ་ཐང་བབས་ཚུགས་ཀྱི་རྒྱས་སྐྲུན་བསྐྱར་སྐྲུན་ལས་གྲྭ “3+1”གནམ་ཐང་། མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ གོར་མོ་ནས་ལྷ་སའི་བར་གྱི་སྣུམ་འདྲེན་མདོང་ལམ་སོགས་གཙོ་གནད་རྣམ་གྲངས་ལ་དམ་འཛིན་ཡག་པོ་བྱས་ཡོད།

སྲིད་ཇུས་ཁ་གསལ་དང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། ལོ་སྟོད་དུ་རང་ལྗོངས་ཀྱི་དཔལ་འབྱོར་སྟོན་གྲངས་ཁག་ལ་མི་སེམས་འགུལ་བའི་གྲུབ་འབྲས་ཐོབ་ཡོད། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། དམངས་ཁྲོད་མ་འཇོག་བཅས་བཞི་ཡི་དཔལ་འབྱོར་སྟོན་གྲངས་གཙོ་བོ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་ཁག་སོ་སོར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་6.7དང་། 7.3 6.7 71གིས་མཐོ་བ་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་18.2ཀྱིས་མཐོ་བ་ཡོད་པ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་44.8ཡིས་མཐོ་རུ་ཕྱིན་ནས་འཕར་བའི་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།

བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱུང་ནས་ཁྱད་ལྡན་ཐོན་ལས་ལ་གསོན་ཤུགས་གསར་པ་བསྣན་པ།

འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ“བརྟན་པོ་དྲུག”གི་ལས་དོན་ཡག་པོ་བསྒྲུབས་པ་དང“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། “བརྟན་པོའི”ཐད་རྨང་གཞིའི་གྲུབ་འབྲས་ཐོབ་པར་བརྩོན་ལེན་དང“འགན་ལེན”ཐད་ཚད་བརྒལ་ཡོང་བར་བྱས་ཏེ་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཐུབ་ཡོད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། རང་ལྗོངས་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་བའི་སྲིད་ཇུས་རབ་དང་རིམ་པ་བཏོན་པར་ཕན་འབྲས་ཐོབ་ཡོད། ཐོན་ལས་དང་པོ་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་ནུས་ལྡན་ཐུབ་ཡོད། རང་བྱུང་འཐུང་ཆུ་དང་། བོད་ཀྱི་གསོ་རིག་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ས་མཐོའི་ཁྱད་ལྡན་བཟའ་བཏུང་ལས་རིགས་སོགས་ཀྱིས་གཙོས་པའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་སྒུལ་ཤུགས་བསྣན་ཡོད།

རང་ལྗོངས་ཀྱི་བཟོ་ལས་ཐོན་སྐྱེད་རིམ་གྱིས་སླར་གསོ་བྱུང་བ་བརྒྱུད་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཕན་འབྲས་མུ་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཞིང་། ནུས་རྒྱུའི་ཐོན་ལས་ཀྱིས་བོད་ཀྱི་ཁྱད་ཆོས་ལ་གཞིགས་ནས་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་པ་དང་གོ་སྐབས་གསར་པ་སྐྱེད་སྲིང་བྱས་ཡོད། ཡོན་ཀའོ་སྟག་རྩེའི་འོད་ཤུགས་གློག་ཁང་གི་ས་ཚིགས་ཀྱིས་འདི་ལོ་སྒྲིག་སྦྱོར་བྱས་པའི་འཕྲུལ་ཆས་ནས་གློག་གཏོང་ཚད་ཀྲའོ་ཝ་60ཟིན་ཡོད། བོད་ལྗོངས་ཡོན་ཀའོ་ནུས་རྒྱུ་མ་རྐང་ཚད་ཡོད་ཀུང་སིའི་གློག་ཁང་ས་ཚིགས་ཀྱི་ཀྲན་ཀྲང་ཀྲང་གོ་ཧྥུང་གིས་ང་ཚོའི་གློག་ཁང་གི་ས་ཚིགས་གསུམ་གྱིས་འདི་ལོའི་ཟླ་དང་པོ་ནས་ཟླ་དྲུག་པ་བར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་4200ཟིན་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད་པ་རེད།

ཡུལ་སྐོར་ལས་རིགས་ནི་བོད་ཀྱི་ཁྱད་ལྡན་ཀ་རྟེན་ལྟ་བུའི་ཐོན་ལས་ཡིན་ཞིང་། ཟླ་བ་གསུམ་པ་ནས་བཟུང་། རང་ལྗོངས་ཀྱིས“ཚད་བཀག་དང་། མངགས་པ། འཚང་ཡོལ” དེ་བཞིན་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་གྲངས་འབོར་30%ལས་མི་བརྒལ་བ་བྱེད་པའི་བླང་བྱ་ལག་བསྟར་ནན་པོ་བྱས་པའི་རྨང་གཞིའི་ཐོག སྔ་རྗེས་སུ་གོ་རིམ་ལྡན་པའི་ངང་རང་བྱུང་རིགས་ཀྱི་མཛེས་ལྗོངས་དང་ཁང་ནང་མཛེས་ལྗོངས་སྒོ་ཕྱེ་ཡོད། འདི་ལོའི་ལྟོ་སྟོད་དུ་བོད་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་833ཟིན་ནས་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་སླར་གསོའི་ཨང་དང་པོར་སླེབས་ཡོད།

དཔྱད་ཡིག་ལས་མངོན་པར། ལོ་སྟོད་ཀྱི་ཐོན་ལས་གསུམ་གྱི་འཕེལ་རྒྱས་གནས་ཚུལ་ལ་བལྟས་ན། ཐོན་ལས་དང་པོ་2.5%འཕར་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་1.3གྱིས་མཐོ་བ་ཡོད་པ་དང་། ཐོན་ལས་གཉིས་པ་8.5%འཕར་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་1.4ཡིས་མཐོ་བ་ཡོད་པ། ཐོན་ལས་གསུམ་པ་3.4%འཕར་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་5.1གིས་མཐོ་བ་ཡོད་པ་རེད།

དམངས་འཚོ་འགན་ལེན་དང་ལས་ཞུགས་འགན་ལེན་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་བ།

འདི་ལོ་ཚུན་རིམས་ནད་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། ཡོང་སྒོ་ནས་བལྟས་ན། ཞིང་ལས་མིན་པའི་གཉེར་སྐྱོང་དུད་ཚང་གི་རྒྱུན་གཏན་གཉེར་སྐྱོང་བྱེད་སྒོར་རིམས་ནད་ཀྱི་ཤུགས་རྐྱེན་ཆེན་པོ་ཕོག་ཡོད། ལོ་སྟོད་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཉེར་སྐྱོང་ཡོང་འབབ་ཁེ་གཙང་དུས་མཚུངས་ལས་17.0%ཆག་ཡོད། འོན་ཀྱང་གྲོང་གསེབ་ཀྱི་གྲོང་མིའི་གཉེར་སྐྱོང་ཡོང་འབབ་ལ་ཤུགས་རྐྱེན་དེ་ཙམ་ཐེབས་མེད་པར་ལོ་སྟོད་དུ་གྲོང་གསེབ་ཀྱི་གྲོང་མིའི་དཔལ་འབྱོར་ཡོང་འབབ་ཁེ་གཙང་9.8%འཕར་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་ཐེ་བོང་གྲོང་ཚོའི་དམངས་ཕན་ལུག་གསོ་ཚགས་མཉམ་ལས་ཁང་དུ་བྲེལ་འཚུབ་ཀྱིས་ཁེངས་ཤིང་། གཟན་རྩྭ་འདེབས་འཛུགས་ལ་བརྟེན་ནས་ལོ་སྟོད་དུ་རྒྱུད་པ་ལེགས་པའི་ལུག་སྟོང་ལྷག་ཙམ་གསོ་ཚགས་བྱས་པར་བརྟེན་མང་ཚོགས་ཀྱི་ཡོང་འབབ་འཕར་ཡོད། “ང་ཚོའི་མཉམ་ལས་ཁང་དུ་མ་མོ་68%ཟིན་ཡོད་པ་དང་། ལོ་མཇུག་ཏུ་མ་མོ་80%ཟིན་ཐུབ་པ་བྱེད་ཀྱི་ཡིན། གོམ་སྟབས་རྗེས་མར་ལོ་གཉིས་རེར་ལུ་གུ་གསུམ་རེ་འཁོར་ཐུབ་པའི་མ་མོ་གསོ་ཚགས་བྱེད་པ་དང་མཉམ་ལས་ཁང་གི་རྒྱ་སྟོབས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་གི་ཡིན”ཞེས་གམ་པ་རྫོང་ཐེ་བོང་གྲོང་ཚོའི་དམངས་ཕན་ལུག་གསོ་ཚགས་མཉམ་ལས་ཁང་གི་ལས་འཛིན་དཔོན་དཔལ་འབྱོར་གྱིས་བརྗོད་བྱུང་།

རིམས་ནད་ཀྱི་ཤུགས་རྐྱེན་ཕོག་མོད། འོན་ཀྱང་ལོ་སྟོད་དུ་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མགྱོགས་མྱུར་འཕར་ནས་མུ་མཐུད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8.8%འཕར་བ་དེ་དུས་ཚིགས་གོང་མ་ལས་བརྒྱ་ཆའི་གྲངས་0.6གིས་མཐོ་རུ་ཕྱིན་ནས། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་7.3གྱིས་མཐོ་བ་ཡོད། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10.4%འཕར་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.9མཐོ་རུ་ཕྱིན་པ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་6.7གྱིས་མཐོ་བ་ཡོད་པ་རེད།

སྤྱི་ཡོངས་ནས་བལྟས་ན། ལོ་སྟོད་དུ་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་འདོམས་ལ་སྐུལ་འདེད་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་བརྒྱུད་སྲིད་ཇུས་དང་བྱེད་ཐབས་ཁག་གི་ཕན་འབྲས་རིམ་གྱིས་མངོན་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་གྱིས་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་རིམ་གྱིས་ཁྱད་དུ་བསད་པ་དང་མི་དམངས་ཀྱི་འཚོ་བ་རིམ་གྱིས་རྒྱུན་གཏན་དུ་གྱུར་ཡོད།

“ཀྲུང་དབྱང་གི‘བརྟན་པོ་དྲུག’གི་ལས་དོན་དང‘འགན་ལེན་དྲུག’གི་ལས་འགན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཚེ། རང་ལྗོངས་ཀྱི་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ངེས་པར་དུ་བདེ་བླག་ངང་ལེགས་གྲུབ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་ཁྲེན་ཕུས་བརྗོད།

(པ་སངས་དང་པ་ཕན་གྱིས་སྒྱུར་ཞུས་བྱས)