《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月05日

གནས་སྤོས་རྗེས་ཀྱི“གཞིས་ཆགས”དང“ཕྱུག་པོ”

—— སྟོད་ལུང་བདེ་ཆེན་ཆུས་ཀྱི་བཀྲ་ཤིས་དགའ་ཚལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཀྱི་དབུལ་སྒྲོལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

སྟོད་ལུང་བདེ་ཆེན་ཆུས་ཀྱི་བཀྲ་ཤིས་དགའ་ཚལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ལྷ་ས་སྐྱིད་ཆུའི་འགྲམ་གྱི་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་བཟང་མོ་སྡེ་ཁུལ་གྱི་ཚོགས་ཆུང་དང་པོར་གནས་པ་དང་མཚོ་བོད་གཞུང་ལམ་དང་ཐག་ཉེ་པོ་ཡོད་ཅིང་། བཀོད་སྒྲིག་བྱ་ཡུལ་གྱི་འགྲིམ་འགྲུལ་སྟབས་བདེ་ལ། ཐོག་ཁང་དཀར་ཆ་དོད་པོ་ཡོད། གནས་སྤོས་རྗེས་འཚོ་བ་གཞིས་ཆགས་ཐུབ་པ་དང་ཕྱུག་པོར་གྱུར་ནས། གནས་སྤོས་མང་ཚོགས་ཀྱི་ལུས་སེམས་བདེ་ལ་འཁོད་ཡོད།

འདམ་གཞུང་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་བཀྲ་ཤིས་དགའ་ཚལ་ལ་གནས་སྤོས་པའི་དབྱང་ཞའོ་མིང་གིས“ཁོ་བོ་ནི་སི་ཁྲིན་ནས་ཡིན། ལྷ་སར་གླ་པ་རྒྱུག་རིང་ད་ཆའི་བཟའ་ཟླ་དང་ཁ་ཐུག བཟའ་ཟླ་ནི་འདམ་གཞུང་ནས་ཡིན་པས་ངེད་གཉིས་གཉེན་སྒྲིག་བྱས་རྗེས་བཟའ་ཟླ་དང་མཉམ་དུ་འདམ་གཞུང་ལ་ཕྱིན་པ་ཡིན། ངེད་གཉིས་གཉེན་སྒྲིག་བྱས་ནས་ལོ་བཅུ་གྲངས་སོང་བ་དང་ད་ཆ་བོད་ཁོ་བོའི་ཕ་ཡུལ་གཉིས་པ་ཡིན”ཞེས་སེམས་འགུལ་ཐེབས་བཞིན་བཤད།

2015ལོར་དབྱང་ཞའོ་མིང་གི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་དུད་ཚང་གི་ཁོངས་སུ་བཅུག་ནས་གནས་སྤོ་བྱེད་དགོས་མིན་ཐད་དབྱང་ཞའོ་མིང་གིས་ཐེ་ཚོམ་ཅི་ཡང་མེད་པར་སྤོ་རྒྱུའི་སེམས་ཐག་བཅད་པ་རེད། “འདམ་གཞུང་དུ་སྡོད་རིང་། ངེད་བཟའ་མི་བཞི་པོ་ས་ཕག་ཁང་པར་སྡོད་པ་དང་། གསང་སྤྱོད་མེད་ལ་གཟུགས་པོ་འཁྲུ་དགོས་ཚེ་གྲོང་རྡལ་ལ་འགྲོ་དགོས་ཀྱི་འདུག འདིར་སྤོས་རྗེས། རང་ཁྱིམ་ལ་གསང་སྤྱོད་ཡོད་པས། ཉིན་ལྟར་གསང་སྤྱོད་དུ་ཁྱིམ་མི་བཞི་པོའི་སོ་འཁྲུའི་ཡོ་ཆས་གྲལ་བསྒྲིགས་ནས་བཞག་པ་མཐོང་སྐབས་སེམས་ལ་གནས་བཟོད་བདེ་བ་ཞིག་ཡོང་གི་འདུག འདི་དག་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ལས་བློ་བདེ་བག་ཕེབས་ཀྱི་བདེ་སྐྱིད་ཚོར་སེམས་ཤིག་བྱུང་བས་ཐུགས་རྗེ་ཆེ་ཞུ”ཞེས་བཤད།

ད་ཆ་དབྱང་ཞའོ་མིང་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་བ་མ་ཟད། རང་ཁྱིམ་ནས་སྤྱི་ལེ་གསུམ་གྱི་སར་ཡོང་འབབ་མི་དམན་པའི་ལས་ཀ་ཞིག་ཀྱང་རག་ཡོད། ཡོང་འབབ་བརྟན་པོ་ཡོད་པ་དང་འཚོ་བའང་སྐྱིད་སྣང་ལྡན་པར་གྱུར་ཏེ། དབྱང་ཞའོ་མིང་གི་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་ཡག་ཏུ་འགྲོ་བཞིན་མཆིས།

བཀྲ་ཤིས་དགའ་ཚལ་སྡེ་ཁུལ་གྱི་བུད་མེད་ལག་ཤེས་འཁེལ་ཐག་མཉམ་ལས་ཁང་དུ་བཀྲ་ཤིས་དགའ་ཚལ་དུ་གནས་སྤོས་པའི་མང་ཚོགས་ཟླ་འཛོམས་ཀྱིས་འཁོར་འཚེམ་དང་གློག་ཇེམ་བྱང་ཆུབ་པའི་ངང་བཀོལ་སྤྱོད་བྱེད་བཞིན་པ་མཐོང་བྱུང་། “གནས་སྤོས་མ་ཐག་པའི་སྐབས་སུ། རྩལ་ནུས་གང་ཡང་མེད་ལ་འཚོ་བའང་སྐྱོ་ཙམ་ཡོད། རྗེས་སུ་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་སློབ་ཡོན་མི་དགོས་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་རྗེས་ཟས་གཡོས་སྦྱོར་དང་འཚེམ་བཟོའི་ལག་རྩལ་གཉིས་སྦྱངས་པ་ཡིན། ལག་རྩལ་དེ་གཉིས་ལ་བརྟེན་ནས་རང་ཉིད་ཀྱི་ལས་ཞུགས་དཀའ་ངལ་བསལ་ཐུབ་པ་བྱུང་ལ་འཚོ་བའང་ཉིན་བཞིན་ཡག་ཏུ་ཕྱིན་སོང་། འདི་དག་ཏང་དང་སྲིད་གཞུང་གིས་རོགས་རམ་གནང་བ་ལས་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། སླད་ཕྱིན་ད་ཆའི་འཚོ་བར་གཅེས་སྤྲས་བྱེད་ཀྱི་ཡིན”ཞེས་ཟླ་འཛོམས་ཀྱིས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། དུས་རྒྱུན་ཟླ་འཛོམས་ཀྱིས་སྡེ་ཁུལ་གྲོང་ལྷན་གྱི་ཟ་ཁང་དུ་ལས་ཀ་བྱེད་པ་དང་ཟླ་རེར་གླ་ཆ་སྒོར་2500ཡོད་པ་མ་ཟད། དལ་བའི་སྐབས་སུ་ཁོང་གིས་སྡེ་ཁུལ་གྱི་བུད་མེད་ལག་ཤེས་འཁེལ་འཐག་མཉམ་ལས་ཁང་ལ་ལས་ཀར་བསྐྱོད་ནས་ཟླ་རེར་གླ་ཆ་སྒོར་2000ཙམ་ཡོད། ཁོང་གི་བཟའ་ཟླར་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་རག་པའི་རྗེས། སྐྱེལ་འདྲེན་ལས་ལ་ཞུགས་སྟབས་ཟླ་གཅིག་ལ་ཁྱིམ་མི་ཚང་བའི་ཡོང་འབབ་བསྡོམས་ན་སྒོར་ཁྲི་ཡན་ཟིན་གྱི་ཡོད།

པད་མ་མཚམས་གཅོད་ནི་བཀྲ་ཤིས་དགའ་ཚལ་སྡེ་ཁུལ་གྲོང་ལྷན་དུ་ལས་ཀ་བྱེད་ཀྱི་ཡོད། ཟླ་རེར་ཡོང་འབབ་སྒོར་3000ཙམ་ཡོད་པ་དང་ལས་ཀར་འགྲོ་ཞོར་ཁྱིམ་ལ་ལྟ་རྟོག་བྱེད་ཐུབ་པར་བརྟེན་ཁོང་གིས་ལས་ཀ་དེར་ཧ་ཅང་གཅེས་སྤྲས་བྱེད་ཀྱི་ཡོད། “རང་ཁྱིམ་ལ་བུ་བཅོལ་ཁང་དུ་འགྲོ་བའི་ཕྲུ་གུ་གཉིས་ཡོད། གལ་སྲིད་གྲོང་ཁྱེར་དུ་སྤོ་མ་ཐུབ་ཚེ། ཕ་ཡུལ་ལ་ལས་ཀ་འདི་འདྲ་འཚོལ་ཐུབ་ཁག་པོ་རེད། ད་ཆ་རང་ཉིད་སྲིད་གཞུང་གི་བཀོད་སྒྲིག་ལ་བརྟེན་ནས་ལས་ཀ་གཏན་འཇགས་ཡོད་པས་ཁྱིམ་གྱི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བར་བརྟེན་གནས་བཟོད་བདེ་པོ་འདུག འདི་ལོར་དངུལ་ཕྲན་ཙམ་བསགས་ནས་རླངས་འཁོར་ཆུང་ངུ་ཞིག་ཉོ་འདོད་བྱུང་། དལ་བའི་སྐབས་སུ་ཕྲུ་གུ་དང་བཅས་རླངས་འཁོར་བཏང་ནས་ཕྱིར་འགྲོ་འདོད་འདུག”ཅེས་པད་མ་མཚམས་གཅོད་ཀྱིས་བཤད།

2019ལོའི་ལོ་མཇུག་ཏུ་མང་ཚོགས་24ལས་གྲུབ་པའི་བཀྲ་ཤིས་དགའ་ཚལ་སྡེ་ཁུལ་གྱི་སྒྱུ་རྩལ་འཁྲབ་སྟོན་རུ་ཁག་གིས་ལེ་ཚན་ལྔ་ནང་སྦྱོང་བྱས་ཏེ་སྡེ་ཁུལ་དང་སློབ་གྲྭར་འཁྲབ་སྟོན་བྱས་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐད་བཀྲ་ཤིས་དགའ་ཚལ་སྡེ་ཁུལ་གྱིས་2019ལོའི་ལོ་མཇུག་ཏུ་སྟོད་ལུང་བདེ་ཆེན་ཆུས་གྲོང་ཁྱེར་མ་འཇོག་གི་བྱེ་རྡོ་ར་བ་ལས་ཁེ་སྤོགས་སྒོར་ཁྲི་187.42བགོ་འགྲེམས་བྱས་པ་དང་། ལྗོངས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ནས་2019ལོར་དངུལ་སྨར་སྒོར་ཁྲི་240.8ཐོབ་པ་བཅས་བགོ་འགྲེམས་དེ་དག་གིས་མང་ཚོགས་688ལ་ཕན་པ་ཐོབ་པ་དང་མི་རེར་ཆ་སྙོམས་སྒོར་3500བྱུང་ཡོད་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། བསྟན་འཛིན་བཟང་མོ་དང་པ་ཚེས་ཞུས)