《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月05日

དཀའ་ངལ་སྔོན་བསུས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས།

—— རང་ལྗོངས་ཀྱི་དེང་སྐབས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གླེང་བ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

ལོ་སྟོད་དུ་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་གྲུབ་འབྲས་བཟང་པོ་ཐོབ་ནས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མང་པོ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ཐད་སླར་གསོའི་རང་བཞིན་གྱི་འཕར་བ་དང་བརྟན་པོའི་ངང་སླར་གསོའི་འཕེལ་ཕྱོགས་མངོན་ཡོད། འདི་ལོ་གློ་བུར་དུ་རིམས་ནད་ཐོན་པའི་དམིགས་བསལ་གནས་ཚུལ་འོག་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་དངོས་གནས་ལས་སླ་པོ་ཞིག་མིན་པ་དང་། དེ་ལས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ངར་ཤུགས་ཆེན་པོ་དང་མི་མངོན་པའི་སྟོབས་ཤུགས་མངོན་ནས་ལོ་སྨད་ཀྱི་དཔལ་འབྱོར་རྒྱུན་མཐུད་སླར་གསོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་ཏང་ཀྲུང་དབྱང་གིས་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་སྤྱི་འདོམས་བཀོད་འདོམས་བྱས་པ་དང་ཁ་འབྲལ་ཐབས་མེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནི་ང་ཚོས་དཀའ་ངལ་དང་འགོག་རྐྱེན་མཐའ་དག་ལས་རྣམ་པར་རྒྱལ་བའི་མཆོག་ནོར་ལྟ་བུ་ཞིག་ཡིན་པ་ལག་ལེན་ཁྲོད་ནས་སླར་ཡང་ར་སྤྲོད་བྱུང་ཡོད། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། དེང་སྐབས་དཔལ་འབྱོར་འཁོར་རྒྱུག་ལ་འཕྲད་པའི་གནད་དོན་དང་འགྱུར་ལྡོག་ལ་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་གནང་བ། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་གཙོ་གནད་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་གནང་བ་བཅས་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་དཔལ་འབྱོར་ཐད་ཐབས་ཇུས་ཆེན་པོས་ཁ་ལོ་སྒྱུར་བའི་འཇོན་ཐང་ཆེན་པོ་དང་འཐབ་ཇུས་ཀྱི་ངེས་ཤུགས་གང་ལེགས་མངོན་པ་དང་ང་ཚོས་གདེང་ཚོད་བརྟན་པོ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱིས་ལྗོངས་ཡོངས་ཀྱི་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་ཞུ་ས་མཁོ་འདོན་གནང་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་དེང་སྐབས་འཕྲད་པའི་ཉེན་ཁ་དང་འགྲན་སློང་གསར་པར་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་ལུགས་ཁོང་དུ་ཆུད་པར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་དུས་བབ་ལ་ཕྱི་རོལ་ཡུལ་དང་མཐུན་པ་དང་། ཕྱོགས་ཡོངས། རྩོད་སྒྲུབ་བཅས་ཀྱི་སྒོ་ནས་དབྱེ་ཞིབ་བྱས་ཐོག་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས།

དེང་སྐབས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་མུ་མཐུད་ལག་བསྟར་དོན་འཁྱོལ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞིབ་ཕྲའི་ལས་ཀའི་བླང་བྱ་གཞིར་བཟུང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་གཏོང་། “བརྟན་པོ་དྲུག”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག་གི”ལས་འགན་དོན་འཁྱོལ་བྱེད་པ། ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་ལས་ཀའི་བྱེད་ཐབས་སུ་བརྩིས་ནས“ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་གཏོང་རྒྱུར་ཤུགས་རྒྱག་པ་དང་། དམིགས་ཚད་ཀྱི་ཁྲིད་སྟོན་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་གནད་དམ་འཛིན་དང་། ཞན་ཆ་སེལ་བ། ཞན་ཆ་ལེགས་གཏོང་བཅས་བྱེད་པ། ཉམས་ཉེན་ཁྲོད་གོ་སྐབས་གསར་པ་སྐྱེད་སྲིང་བྱེད་པ། འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལོ་འཁོར་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བའི་བརྩོན་ལེན་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་དགོས།

དེང་སྐབས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་དམ་པོར་དམིགས་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རིམ་སྤོར་མཐའ་འཁྱོངས་བྱེད་དགོས། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་ཡར་རྒྱས་ཆེན་པོ་བྱུང་བས་ང་ཚོས་དམིགས་ཚད་ལས་འགན་ལ་གནད་སྨིན་དམ་བཟུང་བྱས་ཏེ“མཚམས་མི་འཇོག་པ་བཞི”ཡི་བླང་བྱ་མཐའ་འཁྱོངས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རོགས་སྐྱོར་སྲིད་ཇུས་སྤྱི་ཡོངས་ནས་བརྟན་པོ་ཡོང་བར་བྱེད་པ། གྲོང་གསེབ་དར་རྒྱས་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་། ཁྱད་ལྡན་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་དབར་འབྲེལ་མཐུད་ཡག་པོ་བྱེད་པ་དང་ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་དོད་པའི་སློབ་གཞི་དེ་ཡག་པོ་སྤྱད་དེ་ལྟོ་གོས་དང་བསམ་བློའི་གནད་དོན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་ཚད་འགན་ལེན་བྱེད་དགོས།

དེང་སྐབས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཞན་ཆ་སེལ་རྒྱུར་དམ་པོར་དམིགས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་འཕེལ་རྒྱས་ཀྱི་ཀ་རྟེན་དམ་བཟུང་བྱེད་དགོས། ལོ་སྟོད་དུ་རང་ལྗོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་མྱུར་བ་དང་དམངས་ཁྲོད་མ་འཇོག་མགྱོགས་མྱུར་འཕར་ཡོད། འཕེལ་ཕྱོགས་བཟང་པོ་དེ་རྒྱུན་འཁྱོངས་བྱེད་དགོས་ཚེ་ངེས་པར་དུ་རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་ཤུགས་བརྒྱབ་ནས་མ་འཇོག་གི“གྲུ་གནོན་རྡོའི”ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དང་2020ལོའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་འཆར་གཞིའི་ཚད་གཞི་དང་ཡང་ཡང་བསྡུར་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”རྣམ་གྲངས་ཇུས་གཞི་འབྲེལ་མཐུད་ཡག་པོ་བྱེད་དགོས།

དེང་སྐབས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་མི་དམངས་གོང་དུ་བཀུར་རྒྱུར་དམིགས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་དགོས། རིམས་ནད་ཀྱི་ཤུགས་རྐྱེན་འོག་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་པར་དེ་བས་གལ་འགངས་ཆེན་པོ་ཡོད། ང་ཚོས་མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་འབབ་འཕར་གྱི་དམིགས་ཚད་དམ་བཟུང་དང་ལས་ཞུགས་བརྟན་པོ་ཡོང་བའི་བྱེད་ཐབས་ཕྱོགས་ཡོངས་ནས་ཤུགས་ཆེན་གཏོང་བ། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་མི་ཚོགས་དང་གཙོ་གནད་ལས་རིགས་ཀྱི་ལས་ཞུགས་ལས་དོན་མངོན་གསལ་དོད་པོས་ཡག་པོ་སྒྲུབ་པ་བཅས་བྱས་ནས་མང་ཚོགས་དེ་བས་མང་བར་ལས་ཞུགས་བརྟན་པོ་ཡོང་བ་བརྒྱུད་འབབ་འཕར་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་བྱེད་དགོས་པ་དང་། གཞི་རྩའི་དམངས་འཚོའི་ལས་དོན་འགན་ལེན་ལ་དམ་འཛིན་བྱས་ཏེ་སློབ་གསོ་དང་། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་ལས་དོན་ཁག་སྤེལ་མགྱོགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཕྱོགས་ཡོངས་ནས་སྒྲུབ་འགོ་ཚུགས་པ་དང་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད། ང་ཚོས་སྤྱི་ཡོངས་དང་དུས་བབ་སྟངས་འཛིན་ཡག་པོ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང“ཇི་ཙམ་དཀའ་ཉེན་ཆེ་ཚེ་དེ་ཙམ་གྱིས་མདུན་སྐྱོད་བྱེད་པའི”དཔའ་ཉམས་ལ་བརྟེན་ནས་སེམས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཚེ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་གཏན་འཁེལ་ཟིན་པའི་དམིགས་ཚད་ལས་འགན་ལེགས་གྲུབ་ཐུབ་ངེས་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)