《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

བོད་ཀྱི་ནས།

“འཚོ་བའི་བཟའ་འབྲུ”ནས“ཕྱུག་འགྱུར་གྱི་འབྲུ་རིགས”སུ་གྱུར་པ།

ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པ། ཝང་ཡོན་ཡོན།

ཚེ་གང་པོར་ཞིང་ཁ་བཏབ་ཀྱང་བསྟན་འཛིན་གྱི་བློ་ཡིད་ལ་མ་འཁོར་བ་ཞིག་ནི་ནས་ལས་ནས་ཀྱི་བག་ལེབ་དང་ནས་ཐུག་སོགས་ཐོན་རྫས་རིགས་མང་པོ་ཐོན་པ་དེ་ཡིན། དེ་ལས་ཀྱང་ཡིད་ལ་མ་འཁོར་བ་ཞིག་ནི་ཉིན་ཞིག་རང་ཁྱིམ་གྱི་ས་ཞིང་དུ་བཏབ་པའི་ནས་འབྲུ་དག་སྒོ་རྩར་གོང་ཚད་མཐོ་པོས་བཙོང་ཐུབ་པ་དེ་རེད།

ལོ་75ལ་སླེབས་པའི་བསྟན་འཛིན་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ལུང་བཟང་གྲོང་ཚོར་འཚོ་བ་སྐྱེལ་གྱི་ཡོད་ཅིང་། གནས་དེའི་ས་བབ་སྨི་3847ཟིན་པའི་ཁོད་ཡངས་པའི་ས་ཆར་ནས་འདེབས་ཀྱི་ཡོད། ལོ་ངོ་སྟོང་ཕྲག་རིང་འཛམ་གླིང་གི་ཕུ་ཅུས་ཐང་འདུས་ཚད་མང་ཤོས་ཀྱི་འབྲུ་རིགས་དེ་ནི་ས་ཆ་དེ་གའི་ཟས་ལྕོག་སྒང་གི་ཟ་མ་གཙོ་བོ་རེད།

“དེ་གོང་ང་ཚོས་ནས་བསྔོས་ནས་ཡོས་འཐག་སྟེ་རྩམ་པ་ཙམ་བྱེད་ཀྱི་ཡོད། ནམ་ཞིག་ནས་ལ་ཐོན་རྫས་སྣ་ཁ་འདི་འདྲ་མང་པོ་ཡོང་སྲིད་པ་སེམས་ལ་འཁོར་མྱོང་མེད” “འཚོ་བའི་བཟའ་འབྲུ”ནས“ཕྱུག་འགྱུར་གྱི་འབྲུ་རིགས”སུ་གྱུར་པ་ནི་2016ལོར་བོད་ལྗོངས་བདེ་ཆེན་ཉི་འོད་གཞིས་ཀ་ཚད་ཡོད་ཀུང་སི་བཙུགས་པ་དང་འབྲེལ་བ་ཡོད་པ་རེད།

བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ཁོངས་སུ་ཡོད་པའི་ཀུང་སི་དེ་གས་ནས་ལ་བརྟེན་ཏེ་ཐོན་རྫས་ལས་སྣོན་བྱས་པ་དང་ནས་ཐོན་ལས་གོང་འཕེལ་གཏོང་བ་དམིགས་ཚད་དུ་བྱས་ཡོད། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སོགས་ཚན་ཞིབ་སྒྲིག་གཞི་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ནས་དག་རྩིང་འབྲུའི་རིགས་དང་། འཕྲོད་སྦྱོར་ཟས་རིགས། ལས་སྣོན་རྩེ་གྲས་གྲུབ་ཆ་བླངས་པའི་རིགས། ཁོམ་གསེང་ཟས་རིགས་བཅས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་4རུ་བསྒྱུར་ཡོད།

2019ལོར་ནས་ཀྱི་འབྲས་དང་། ནས་ཀྱི་བཀལ་ཐུག ནས་ཀྱི་བག་ལེབ་སོགས་ནས་ཀྱི་བདེ་ཐང་ཐོན་རྫས་རབ་དང་རིམ་པ་ཁྲོམ་རར་བཏོན་པ་དང་བསྟུན། ཀུང་སི་ལ་ནས་མཁོ་ཚད་ཆེ་རུ་སོང་བ་དང་། བསྟན་འཛིན་གྱིས་ཀྱང་སྒོ་རྩར་ནས་བཙོང་འགོ་ཚུགས།

“ན་ནིང་ནས་མུའུ་40བཏབ་ཡོད། རྒྱ་མ་རེར་སྒོར་2.4ཡི་རིན་གོང་ལྟར། རྒྱ་མ་ཁྲི་7བདེ་ཆེན་ཀུང་སིར་བཙོངས་པར་ཡོང་འབབ་སྒོར་ཁྲི་17ཙམ་རག་བྱུང”འབྲུ་རིགས་བཙོངས་པ་ལས་བསྟན་འཛིན་གྱིས་ནས་ཕྱེ་ཐོན་རྫས་ཀྱི་བྲོ་བ་ཐེངས་དང་པོར་མྱོང་ཐུབ་ཡོད།

“སྒོ་རྩར་ནས་འཚོང་བ་ཧ་ཅང་སྟབས་བདེ་པོ་ཡོད་ལ་རིན་གོང་ཡང་ཕྱི་ལོགས་ཀྱི་ས་ཆ་དང་བསྡུར་ན་མཐོ་བ་འདུག”ལོ་གསུམ་བཞི་ཙམ་གྱི་གོང་ཁྱིམ་གྱི་ནས་འབྲུ་ལྷག་མ་བཙོང་ཚེ་རླངས་འཁོར་གླས་ནས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དང་ས་དགའ་རྫོང་སོགས་ལ་འགྲོ་དགོས་ཀྱི་ཡོད།“རླངས་འཁོར་ནང་ཐེངས་མ་གཅིག་ལ་ནས་རྒྱ་མ་ཁྲི་2ཙམ་ལས་ཤོང་གི་མེད་ལ་སྟབས་ལེགས་ན་སྒོར་ཁྲི་4ཙམ་ལ་བཙོང་ཐུབ། སྐབས་རེར་ཅ་དངོས་དང་བརྗེ་པོ་རྒྱག་དགོས་ཤིང་། ནས་དང་བལ་བརྗེས་ན་དངུལ་སྨར་རག་གི་མེད”ཅེས་བསྟན་འཛིན་གྱིས་བཤད།

ཐག་དེ་ཙམ་མི་རིང་བའི་བོད་ལྗོངས་བདེ་ཆེན་ཉི་འོད་གཞིས་ཀ་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་ལས་མི་རྣམས་ལས་ཀར་བྲེལ་བཞིན་ཡོད་ལ་བཟོ་ཁང་ནས་དྲི་ཞིམ་ལྷང་ལྷང་འཐུལ་ཡོང་། ཀུང་སིའི་ནས་ཀྱི་སྦི་རག་ཐོན་སྐྱེད་བྱེད་ས་བསྐྲུན་ཚར་ཞིང་མི་འགྱང་བར་ཐོན་སྐྱེད་བྱ་རྒྱུ་རེད། ཐོན་སྐྱེད་དངོས་སུ་བྱས་རྗེས་སྔོན་དཔག་ལྟར་ན་ནས་ལས་སྣོན་བྱེད་འབོར་ཏུན་ཁྲི་10ཟིན་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་ནས་བཙོང་བ་དང་། ཐག་ཉེ་སར་གླ་པ་རྒྱུག་པ། ཐོན་ལས་ཀྱི་ཁེ་སྤོགས་བགོ་བ་སོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་སྔར་བས་ལེགས་པ་བྱ་རྒྱུ་རེད།

ཕྱིན་ཆད། ཀུང་སིས་ད་དུང་ཚན་རྩལ་གྱི་ནུས་པར་བརྟེན་ཏེ་ནས་འབྲུ་རེ་རེ་སྔར་བས་སྣ་མང་དང་། ཞིབ་ཕྲ། སྤུས་ལེགས་བཅས་ཀྱི་སྒོ་ནས་དུད་སྣེའི་འཛད་སྤྱོད་པའི་སྤྱན་ལམ་དུ་བཀྲམ་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་རོགས་པར་འགྱུར་དུ་འཇུག་རྒྱུ་ཡིན་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)