《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月31日

སློབ་ཆུང་སློབ་མར་བོད་སྐད་ཡིག་སློབ་ཁྲིད་ཇི་ལྟར་བྱེད་པའི་སྐོར་ཅུང་ཟད་གླེང་བ།

སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་སློབ་ཁྲིད་སྤུས་ཚད་ཡག་ཐོག་ཡག་བརྩེགས་ཡོང་བར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན། བོད་སྐད་ཡིག་གི་སློབ་ཁྲིད་ནུས་པ་གོང་མཐོར་གཏོང་ཐུབ་ན་སློབ་མའི་ཀུན་སྤྱོད་དང་ཤེས་རིག རིན་ཐང་གི་ལྟ་བ། མཛེས་སྤྱོད་ཀྱི་ལྟ་བ་སོགས་ཕྱོགས་གང་ཅིར་ཡར་ཐོན་གྱི་ནུས་པ་ལེགས་པོ་ཞིག་ཐོན་ཐུབ་ངེས་ལ་རྩིས་རིག་དང་། རྒྱ་ཡིག བསམ་བློ་ཆབ་སྲིད། ལོ་རྒྱུས་སོགས་རིག་ཚན་གཞན་ལ་ཡང་གཞོགས་འདེགས་ཀྱི་ནུས་པ་ཐོན་ཐུབ་ངེས་རེད། སློབ་ཆུང་སློབ་མ་ནི་མེས་རྒྱལ་གྱི་མེ་ཏོག་ལྟ་བུ་དང་དེ་བཞིན་ཕ་མའི་སྙིང་ནོར་དང་མི་རིགས་ཀྱི་རེ་བ། དགེ་རྒན་གྱི་གཟི་བརྗིད་ཡིན་པ་ནི་དེ་བས་ཀྱང་སྨོས་མེད་རེད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནས་ཀྱང་“ཁྱེད་ཚོ་ནི་བོད་ཀྱི་མ་འོངས་པའི་གདུང་འདེགས་ཀྱི་ཀ་བ་དང་མ་འོངས་པའི་རེ་བ་ཡིན་པས་ཁྱོད་ཚོས་ངེས་པར་དུ་འབད་བརྩོན་ལྷོད་མེད་ཀྱིས་རིག་གནས་ཤེས་བྱ་སློབ་སྦྱོང་བྱས་ཏེ་མ་འོངས་པར་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འདོན་དགོས”ཞེས་གསུངས་པ་ལས་ལོ་ཆུང་བྱིས་པ་ཚོས་ཤེས་བྱ་སྦྱོང་བའི་གལ་འགངས་དང་རིན་ཐང་རྟོགས་ཐུབ། དེར་བརྟེན། སློབ་ཆུང་སློབ་མའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་སློབ་སྦྱོང་དང་། འཚོ་བ། ཀུན་སྤྱོད། གཙང་སྦྲ་བཅས་ལ་རོགས་རམ་དང་ཁྲིད་སྟོན་བྱ་རྒྱུ་ནི་དགེ་རྒན་དང་ཁྱིམ་བདག་གི་གཡོལ་དུ་མེད་པའི་ཕྲག་སྟེང་གི་འགན་འཁྲི་ཉག་ཅིག་རེད། དེས་ན་ད་རེས་ཁོ་བོས་སློབ་ཆུང་སློབ་མ་དང་དགེ་རྒན་རྣམས་ལ་ཅུང་ཟད་ཕན་ན་སྙམ་པའི་སྐུལ་སློང་བཟང་པོ་བཅངས་ནས་སློབ་ཆུང་སློབ་མར་བོད་སྐད་ཡིག་སློབ་ཁྲིད་ཇི་ལྟར་བྱེད་ཚུལ་སྐོར་ལ་ཅུང་ཟད་བརྗོད་འདོད་པ་གཤམ་གསལ།

གཅིག སློབ་མར་བོད་སྐད་ཡིག་སྦྱོང་འདོད་ཀྱི་མཐུན་རྐྱེན་བཟང་པོ་ཞིག་སྐྲུན་དགོས།

རིག་ཚན་ཅི་ཞིག་ཡིན་རུང་དེ་སྦྱོང་འདོད་ཀྱི་བསམ་བློའམ་མཐུན་རྐྱེན་ཞིག་གི་སྔོན་འགྲོ་མེད་ཚེ་ལྟོ་ཆས་ཞིག་ཟ་འདོད་མེད་པར་ཨུ་ཚུགས་ཀྱིས་ཟ་རུ་བཅུག་པ་དང་ཁྱད་པར་ཅི་ཡོད། དེར་བརྟེན་སློབ་ཆུང་སློབ་མར་ལོ་རིམ་ཁག་གི་སློབ་མའི་ལོ་ན་དང་། སེམས་ཁམས། དེ་བཞིན་བོད་ཡིག་གི་རྨང་གཞིར་གཞིགས་ཏེ། “རྔ་ལ་བལྟས་པའི་འཆམ”ཞེས་པ་ལྟར་གང་ལ་དེ་འཚམས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་བྱ་བ་དང་དུ་ལེན་དགོས། རྣམ་ཀུན་སློབ་ཁྲིད་ཀྱི་ནང་དུ་བསླབ་གཞིའི་ནང་དོན་གཅིག་པུ་བརྒྱུད་སྤྲོད་བྱེད་པ་ལས་འབྲེལ་ཡོད་ཀྱི་བོད་ཀྱི་གཏམ་དཔེ་དང་། ལེགས་བཤད། དམངས་ཁྲོད་སྒྲུང་གཏམ། འཛམ་གླིང་གི་བྱིས་སྒྲུང་གྲགས་ཅན། བོད་ཀྱི་ལོ་རྒྱུས་སོགས་ཞར་བྱུང་ཤེས་བྱ་སློབ་ཁྲིད་བྱས་ཏེ་སློབ་མའི་དགའ་ཞེན་འཚོལ་ཐབས་བྱེད་དགོས། རྣམ་ཀུན་མི་རྣམས་ཀྱི་ངག་རྒྱུན་དུ“དགའ་ཞེན་ནི་དགེ་རྒན་ཡག་ཤོས་ཤིག་ཡིན”ཞེས་པ་ཇི་བཞིན་སློབ་མའི་སློབ་སྦྱོང་གི་སྤྲོ་བ་སྐྱེད་བསྲིང་བྱས་ཏེ་སློབ་མར་སློབ་གསོ་མང་ཙམ་བརྒྱབ་སྟེ་སློབ་མའི་ཀུན་སྤྱོད་གསོ་སྐྱོང་ལ་མཐོང་ཆེན་བྱེད་དགོས། དེ་ཡང་མཐར་ཐུག་ནས་བཤད་ན་སློབ་གསོ་སློབ་ཁྲིད་ཀྱི་མཐར་གཏུགས་ཀྱི་དམིགས་ཡུལ་གཙོ་བོ་ནི་སློབ་མའི་མི་གཤིས་གསོ་སྐྱོང་བྱ་རྒྱུ་དེ་ཡིན།

སྔོན་བྱོན་མཁས་པའི་གསུང་ལས“ཡི་གེའི་དག་སྙོམས་མཛེས་གསུམ་ལས། མ་དག་སྐྱེས་བུ་སྙིང་མེད་འདྲ། །མི་སྙོམས་རྐང་ལག་འཁྱོར་བ་འདྲ། །དག་སྙོམས་མཛེས་པའི་ཆ་གང་ཡང་། །མི་ལྡན་ལམ་ཁར་བོར་བ་ཡི། །གོས་ཧྲུལ་ངན་པ་སྐྱུག་བྲོ་འདྲ། །དེ་ཕྱིར་སྔ་མ་སྔ་མ་གཙོ། །གསུམ་ག་མཛོམས་ན་བཞིན་མཛེས་པའི། །དཔའ་བོ་ཟ་འོག་གོས་ཀྱིས་བཀླུབས། །ལུས་དང་ཡན་ལག་ལྟ་ན་སྡུག །ཡི་གེ་སྦྱོང་བའི་ཐོག་མ་རུ། །འདི་འདྲའི་ཚུལ་གྱི་ལམ་ལ་བཀྲི། །ཞེས་པ་ལྟར་སློབ་ཆུང་སློབ་མར་ཆ་མཚོན་ན་དག་ཆ་མི་ནོར་བ་དང་ཡིག་གཟུགས་མཛེས་པོ་ཞིག་འབྲི་རྒྱུ་གལ་འགངས་ཆེན་པོ་རེད། ཡི་གེའི་དག་ཆ་དང་གཟུགས་མཛེས་པོ་ཞིག་འབྲི་ཐུབ་ཚེ་སློབ་མའི་སྦྱོང་འདོད་ཀྱི་དྭངས་བ་འདྲེན་ངེས་པ་དེ་ཡང་དེ་བཞིན་ཏེ“མཛེས་པའི་གཟུགས་མཐོང་ན་སྤྲོ་བ་འཕེལ་བ་དང་མི་མཛེས་པའི་གཟུགས་མཐོང་ན་ཞེན་པ་ལོག་པ་ནི་ཆོས་ཉིད་ཡིན”ཞེས་གསུངས་པ་ལྟར་སློབ་མར་མཚོན་ན་ཡིག་གཟུགས་དང་དག་ཆ་ནི་སྐད་ཡིག་གི་རྨང་གཞི་རུ་གྱུར་ཡོད་པས། དགེ་རྒན་གྱིས་བུམ་པ་གང་བྱོའི་ཚུལ་དུ་སློབ་མར་ཡི་གེའི་སྨྱུག་རིམ་དང་། མཐེབ་རིལ་གཏོང་སྟངས། སྨྱུ་གུ་འཛིན་སྟངས་དེ་བཞིན་ཡི་གེ་འབྲི་སྐབས་ཀྱི་ཚུགས་ཀ་བཅས་གོ་རིམ་དང་ལྡན་པའི་སྒོ་ནས་བསླབ་དགོས།

གཉིས། དགེ་རྒན་གྱི་འཆད་རྩལ་གསོ་སྐྱོང་གི་དགོས་གལ་བཤད་པ།

ཨ་ལག་ཤ་ངག་དབང་བསྟན་དར་གྱི་ཞལ་ནས་མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། །སྨན་གྱི་དབུལ་བའི་སྨན་པ་མཁས་པ་བཞིན། །ཞེས་པ་ལྟར་དགེ་རྒན་རང་ཉིད་ལ་ཤེས་བྱ་ཡོན་ཏན་གྱིས་ཕྱུག་ཀྱང་དེ་དག་རེ་རེ་བཞིན་སློབ་མའི་རྒྱུད་ལ་ཡང་དག་པའི་སྒོ་ནས་འཆད་ཤེས་པ་དགོས་པ་དང་། དེ་ལྟར་མ་བྱུང་ཚེ་སློབ་ཁྲིད་སྐབས་སུ་ཚིག་རྙོག་མང་བ་དང་ཁྲིད་བྱའི་ནང་དོན་གནད་ལ་མི་འཁེལ་བ་སོགས་ཀྱི་སྐྱོན་མང་པོ་ཐོན་ངེས་ཡིན། གཞན་ཡང་ཇི་སྐད་དུ། “བཤད་སྒྲོས་དང་སྒྱུ་རྩལ་གྱི་ཉམས་འགྱུར་མེད་པའི་སློབ་ཁྲིད་ནི་ཚ་རླབས་ཧ་ཅང་ཆེ་བའི་དབྱར་གཞུང་གི་ཉིན་དགུང་དང་འདྲ། སློབ་མ་མང་པོ་ཞིག་ཚ་རླབས་དེའི་ཁྲོད་ནས་གཉིད་དུ་ཡུར་འགྲོ”ཞེས་པ་ལྟར་ཉམས་ལྡན་གྱི་སློབ་ཁྲིད་བྱས་ན་ད་གཟོད་སློབ་མར་ཤེས་བྱ་བརྒྱུད་སྤྲོད་ཐུབ་པ་དང་སློབ་ཁྲིད་ཀྱི་ལས་འགན་ཡང་ལེགས་སྒྲུབ་བྱེད་ཐུབ།

གསུམ། སློབ་གསོ་སློབ་ཁྲིད་ཀྱི་ཐབས་ཤེས་ལ་བྱང་བ།

སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་སློབ་མ་སོ་སོའི་ཁྱད་ཆོས་དང་དགའ་ཞེན་ལ་གཞིགས་ནས་གང་ལ་དེ་འཚམས་ཀྱི་བསྔགས་བརྗོད་དང་སྐྱོན་བརྗོད་བྱེད་ཤེས་པ་དགོས། དགེ་རྒན་གྱིས་སློབ་མར་བརྩེ་བ་མེད་ན་དོན་ངོ་མའི་སློབ་གསོ་དེ་ཆར་ཆུ་མེད་པའི་འབྲུག་སྐད་ཀྱི་ཟླ་བོར་གྱུར་ངེས། དགེ་རྒན་དེའི་རིགས་ནི་སློབ་གྲྭ་ཙམ་མ་ཡིན་པར་ཁྱིམ་ཚང་དང་སྤྱི་ཚོགས་སུ་དགའ་བསུ་ཐོབ་མི་སྲིད། དེར་བརྟེན“སློབ་མ་རང་གི་བུ་ཕྲུག་ལྟ་བུར་བརྩིས་ནས་ཁོང་ཚོར་བྱམས་སྐྱོང་བྱེད་པ་ནི་དགེ་རྒན་གྱི་དོར་མེད་ཀྱི་འོས་འགན་དང་དྭངས་གཙང་ལྷད་མེད་ཀྱི་ཀུན་སྤྱོད་ཅིག་ཡིན་ལ། སློབ་གསོ་སློབ་ཁྲིད་ལེགས་འགྲུབ་ཡོང་བའི་དགོས་པའང་ཡིན”ཞེས་པ་ལྟར་སྨན་པས་ནད་པར་ནད་བཅོས་པ་ལྟར་གྱི་ངང་རྒྱུད་རིང་པོས་སློབ་མ་རེ་རེའི་དོན་དངོས་ལ་གཞིགས་ཏེ་རྣག་ཐོག་གཙག་འཁེལ་གྱིས་མཛུབ་སྟོན་དང་རོགས་རམ། ཐུགས་ཁུར། བྱམས་སྐྱོང་བྱས་ན་ད་གཟོད་སློབ་མ་དང་ཕ་མ་ཀུན་གྱི་ཡིད་ཆེས་དང་བསྔགས་བརྗོད་ཐོབ་པ་མ་ཟད། དགེ་སློབ་དབར་གྱི་བརྩེ་བ་ཡང་ཟབ་ཏུ་ཕྱིན་ནས། ནམ་ཡང་དོར་མི་ཐུབ་པའི་དྭངས་གཙང་ལྷད་མེད་ཀྱི་དགེ་སློབ་བར་གྱི་བརྩེ་བ་ཞིག་འཛུགས་ཐུབ།

བཞི། སློབ་གསོ་སློབ་ཁྲིད་ཀྱི་ལས་གནས་ལ་འཛིན་པའི་འདུ་ཤེས།

དགེ་རྒན་གྱི་མཚན་ཉིད་དུའང”གཙང་མཁས་གཞན་ལ་ཕན་པར་འདོད”ཞེས་པ་ལྟར་ཀུན་སྤྱོད་གཙང་ཞིང་ཤེས་བྱའི་གནས་ལ་ཕྱུག་པ་མ་ཟད། གཞན་ཕན་ལྷག་བསམ་གྱི་འདུ་ཤེས་ཞིག་ལྡན་དགོས། དེ་ལྟར་བྱུང་ན་དགེ་རྒན་གྱི་མཚན་ཉིད་ཚང་ཞིང་རང་རང་སོ་སོའི་ལས་འགན་ཡང་སྒྲུབ་པ་ཡིན། དེ་ཡང“སློབ་མའི་རྒྱུད་ལ་ཡོན་ཏན་སྣ་གཅིག་འཕེལ་བ་དང་སྐྱོན་སྣ་གཅིག་སྒྲིབ་པ་སོགས་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་བཤེས་གཉེན་ལ་རག་ལུས་ཡོད”ཅེས་སློབ་མའི་འབྱུང་འགྱུར་གྱི་ཁ་ཕྱོགས་དེ་དགེ་རྒན་གྱི་ལག་ཏུ་ཡོད་པ་ཇི་བཞིན་རེད། དེར་བརྟེན་དགེ་རྒན་གྱི་ལས་རྒྱུ་འབྲས་དང་བྱམས་སྙིང་རྗེའི་སེམས་རྒྱུད་ཅིག་འཁྱེར་ཏེ་སློབ་མར་ཤེས་བྱ་བརྒྱུད་སྤྲོད་བྱེད་དགོས།

བོད་སྐད་ཡིག་སློབ་ཁྲིད་བྱ་རྒྱུ་དེ་ཆེས་སྤྲོ་བ་སྐྱེ་དགོས་པའི་ལས་གནས་ཤིག་རེད་སྙམ་གྱི་འདུག དེས་རང་གི་འབྱུང་འགྱུར་གྱི་ཁ་ཕྱོགས་སྒྱུར་ཐུབ་ལ། བླུན་རྨོངས་གང་ཡང་མི་ཤེས་པའི་མུན་པའི་གླིང་ལ་ཤེས་རབ་ཀྱི་འོད་སྣང་སྦྱིན་ཐུབ་པས། དེས་ན་མིའི་རྣམ་ཤེས་ཀྱི་བཟོ་སྐྲུན་མཁན་པོ་དག་གིས་མིང་ཙམ་མ་འཛིན་པར། ལག་ལེན་ལ་བསྟར་ནས་ལས་གནས་དེར་དགའ་ཞེན་དང་འགན་འཁྲིའི་འདུ་ཤེས་ཡག་པོ་ཞིག་འཛུགས་དགོས།

ངག་རྒྱུན་ལས“གཞན་ལ་ཆུ་སྐྱོགས་གང་སྟེར་བ་ལ་རང་ཉིད་ལ་ཟོམ་གང་དགོས”ཞེས་པ་ནང་བཞིན་སློབ་མར་ཤེས་བྱ་སློབ་པ་ལ་དང་ཐོག་མར་རང་ཉིད་ལ་ཐོགས་པ་མེད་པའི་ཤེས་བྱས་བརྒྱན་དགོས། དེ་ལྟར་མིན་ན་སློབ་ཁྲིད་ལ་དཀའ་ཚེགས་ཆེན་པོ་འཕྲད་པ་དང་། ཉིན་མ་གང་འཁྱོལ། ཁྲལ་སེལ་སླ་བཅོས། དཀའ་གཡོལ་སླ་སྤྲོད་སོགས་ཀྱི་སྒོ་ནས་སློབ་ཁྲིད་བྱས་ཚེ་རང་ཉིད་སློབ་མའི་ཁྲོད་དུ་ངོ་ཚ་བའི་གནས་སུ་གྱུར་གྱི་ཡོད།

དགེ་རྒན་ཞིག་ཡིན་ཕྱིན་ཆ་རྐྱེན་འདི་དག་ཚང་དགོས་སྟེ། དེ་ཡང་མཁས་པའི་གཞུང་ལས་བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་འགྲུས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་མཁས་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་པ་ནང་བཞིན་དགེ་རྒན་གྱི་ལས་གནས་དཀའ་ཚེགས་ཇི་ལྟར་ཆེ་ཡང་དེས་གནང་བའི་གཟི་བརྗིད་ནི་དེ་བས་བསམ་གྱི་མི་ཁྱབ་པ་ཞིག་རེད། དེ་ལྟར་ན་ལས་གནས་འདིར་སྡུག་རུས་ཆེན་པོས་དཀའ་སྡུག་ལ་གདོང་ལེན་བྱེད་དགོས། དགེ་རྒན་གྱི་སྤྱོད་པ་ཞི་ཞིང་དུལ་བ་དང་ངང་རྒྱུད་རིང་པོའི་སྒོ་ནས་སློབ་ཁྲིད་བྱེད་དགོས་པ་ཡིན།

ལྔ། སློབ་ཞོར་དུ་རྩོམ་ཡིག་འགྲན་བསྡུར་དང་ཡིག་གཟུགས་འགྲན་བསྡུར་ལ་སོགས་པའི་བྱེད་སྒོ་མང་ཙམ་སྤེལ་དགོས།

བོད་སྐད་ཡིག་སློབ་ཁྲིད་ནི་རིག་ཚན་གཞན་དང་བསྡུར་ན་ཤེས་བྱའི་རྒྱུན་མཐུད་རང་བཞིན་ཆེ་བ་དང་ཤེས་བྱའི་ཁྱབ་ཁོངས་ཆེ་བ་སོགས་ལ་དམིགས་ནས་སློབ་ཞོར་དུ་རྩོམ་ཡིག་འགྲན་བསྡུར་དང་ཡིག་གཟུགས་འགྲན་བསྡུར་ལ་སོགས་པའི་བྱེད་སྒོ་མང་ཙམ་སྤེལ་དགོས། དེ་ལྟར་བྱས་ན། གཅིག་ནས་སློབ་མའི་སློབ་སྦྱོང་གི་ཧུར་སེམས་འཕེལ་བ་དང་གཉིས་ནས་སློབ་མའི་རྨང་གཞི་བརྟན་དུ་འགྲོ་བར་ཕན་པ་ཆེན་པོ་ལྡན་ཡོད།

སྐད་ཡིག་སློབ་ཁྲིད་ཀྱི་ནང་དུ་རྩོམ་འབྲིའི་སློབ་ཁྲིད་ནི་སློབ་མའི་སྐད་ཡིག་གི་ཆུ་ཚད་མཐོར་གཏོང་བའི་བྱ་ཐབས་མེད་དུ་མི་རུང་བ་ཤིག་ཡིན་ཞིང་། དེ་ནི་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་གལ་ཆེ་ཤོས་ཀྱི་ལྷུ་ཚིགས་ཤིག་ཆགས་ཡོད། རྒྱུན་དུ་དགེ་རྒན་གྱིས་སློབ་མར་བརྗོད་པ་མང་ཙམ་བཟོ་རུ་འཇུག་པ་དང་རྩོམ་ཐུང་མྱོང་རོལ་བྱེད་དུ་འཇུག་པ། སློབ་མ་རང་ཉིད་ཀྱི་རྩོམ་ཡིག་མང་ཙམ་འབྲི་བ་སོགས་ལ་འབད་དགོས། དེ་ལྟར་བྱས་ན་ད་གཟོད་གཞི་ནས་བསླབ་ཚན་བསྒྱུར་བཅོས་གསར་པའི་རེ་བ་དང་མཐུན་པ་སྟེ། དེ་ནི་རྒྱུན་དུ་བཤོད་བཞིན་པའི“ལག་པ་འགུལ་བ་དང་སྒེར་ཚུགས་ཀྱི་བསམ་བློ་ལྡན་དགོས“ཞེས་པ་དེ་ཡིན།

མདོར་ན། དེ་ཡང་རྒྱལ་སྲས་ཞི་བ་ལྷས“སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །

རང་གི་ཡིད་ལ་སྒོམ་ཕྱིར་ངས་འདི་བརྩམས། །ཞེས་གསུངས་པ་ལྟར་རང་ལ་སློབ་གསོ་སློབ་ཁྲིད་སྐོར་གྱི་ཤེས་བྱ་དང་ཉམས་མྱོང་ཟབ་མོ་ཞིག་མེད་རུང་སློབ་གསོའི་བྱ་གཞག་ཧུར་ཐག་སྒྲུབ་མཁན་རྣམས་ལ་ཅུང་ཟད་ཕན་པ་འདོད་པའི་ཀུན་སློང་གིས་བྲིས་པར་ནང་དོན་བསྐྱར་ཟློས་དང་ཚིག་རྙོག་མང་བ་སོགས་ཚིག་གི་ལོ་མས་དོན་གྱི་འབྲས་བུ་སྒྲིབ་པ་ལྟ་བུའི་སྐྱོན་ཆ་ཡོད་ངེས་པས་མཁྱེན་སྤྱོད་ཡངས་པའི་ཀློག་པ་པོ་ལྷན་རྒྱས་ཀྱིས་སྦ་གསང་མེད་པར་བཀའ་སློབ་དང་དགོངས་འཆར་ལྷུག་རྩོལ་གནང་བར་མཁྱེན།།

(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་ལྟེ་བའི་སློབ་ཆུང་གི་སྤེན་པ་རྒྱ་མཚོས)