《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月31日

ཀུན་སེམས་གཅིག་ཏུ་བསྒྲིལ་ནས་འབད་འབུངས་བྱེད། དབུལ་སྒྲོལ་ཕྱུག་འགྱུར་ལམ་བུར་མཉམ་དུ་སྐྱོད།

—— ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལས་དོན་སྐོར་བཀོད་པ།

འདི་ནི་སྙེ་མོ་རྫོང་དེང་རབས་ཞིང་ལས་མཐོ་གསར་དཔེ་སྟོན་གླིང་གི“སྙེ་མོའི་སྨི་4000ཡི་ཁྲེ་ལི་ཙི”འདེབས་འཛུགས་རྟེན་གཞིར་མང་ཚོགས་ཀྱིས་ཁྲེ་ལི་ཙི་སྡོང་པོར་ཡལ་གཅོད་རྒྱག་བཞིན་པ།

སྐྱེ་ལྡན་ལུད་གཞོང་མང་པོ་ཆ་སྙོམས་པོར་བསྒྲིགས་ལ་ཉི་འོད་དྲོད་ཁང་མང་པོ་གྲལ་སྟར་འགྲིག་པོར་མཆིས། སྙེ་མོ་ཤང་གི་གནས་ཡུལ་འུ་མིག་ཚོགས་ཆུང་དུ་གནས་པའི་ཤིང་འབྲས་ཁྲེ་ལི་ཙིའི་རིག་ནུས་དྲོད་ཁང་ཆེ་མོར་སྐྱོད་སྐབས། ཁྲེ་ལི་ཙིའི་སྡོང་པོར་འབྲས་བུ་མང་པོ་བཏགས་ཡོད་པ་དང་། དེ་ནི་གངས་ལྗོངས་ས་མཐོའི་ལོ་རྒྱུས་ཐོག་གི་ཤིང་འབྲས་ཁྲེ་ལི་ཙི་སྐྱེས་ཐེངས་དང་པོ་རེད།

སྙེ་མོ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་མཐོར་གཏོང་ལས་དོན་ཁྲོད་ཤིང་འབྲས་ཁྲེ་ལི་ཙིའི་འདེབས་འཛུགས་རྣམ་གྲངས་དེང་རབས་ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་ཁོངས་སུ་ནང་འདྲེན་བྱས་ཏེ། རྫོང་དེ་ཡོངས་ཀྱི་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་བྱ་ཐབས་བསྒྱུར་བ་དང་། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་གཏོང་རྒྱུ་བཅས་ལ་དཔེ་སྟོན་གྱི་མ་ལག་ཅིག་བསྐྲུན་ཡོད་ལ། “སྙེ་མོའི་ཤིང་འབྲས་ཁྲེ་ལི་ཙི”ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱུང་བ་ནི་སྙེ་མོ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་དཔེ་མཚོན་ཞིག་ཀྱང་རེད།

གྲངས་གཞི་ལས་མངོན་པར། 2019ལོར་སྙེ་མོ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་9.80ཟིན་པ་དེ་2016ལོ་ལས་སྒོར་དུང་ཕྱུར་3.11མང་དུ་ཕྱིན་ནས་46.49%འཕར་བ་དང་། རྫོང་ཡོངས་ཀྱི་ཞིང་འབྲོག་ནགས་ཉ་བཅས་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་1.79ཟིན་པ་དེ་2016ལོ་ལས་72.12%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་0.55ཟིན་པ་དེ་2016ལོ་ལས་34.25%འཕར་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14471ཟིན་པ་དེ་2016ལོ་ལས་41.13%འཕར་བ། སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་སྒོར་དུང་ཕྱུར་1.77ཟིན་པ་དེ་2016ལོ་ལས་58.04%འཕར་བ་བཅས་བྱུང་ནས“སྤོས་ཀྱི་འབྱུང་གནས”ཞེས་གྲགས་པའི་སྙེ་མོར་སྐྱེ་སྟོབས་ཀྱི་དཔལ་ཡོན་རབ་ཏུ་རྒྱས།

ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཆུ་གཞུང་དུ་རྦ་རླབས་ལང་ལོང་འཕྱུར་ཞིང་རི་ཚོགས་མུ་ཁྱུད་དུ་སྦྲེལ། སྙེ་མོ་རྫོང་གི་མཁར་རུ་ཤང་འདི་ཉིད་རི་མཐོའི་གྲོག་རོང་གི་ལུང་ཤུར་དུ་གནས་ཤིང་། གནས་དེ་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་སྒོ་ཆེ་མོ་ཡིན་ལ། “ཀྲུང་གོའི་གཞུང་ལམ་མཛེས་ཤོས”སྟེ་རྒྱལ་ལམ་318ཀྱི་རྒྱུད་དུ་ཆགས་པས་ལྷ་ས་ནས་གཞིས་རྩེར་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཀྱང་རེད།

ཡར་སྔོན། རི་ལུང་གི་གསེབ་ཏུ་གནས་པའི་ཤང་དེའི་མི་རེའི་ཆ་སྙོམས་རྨོ་ཞིང་རྒྱ་ཁྱོན་མུའུ་0.65ལས་མེད་པ་དང་། 2016ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་9450.2ཙམ་ལས་མེད། མཁར་རུ་ཤང་གི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་ཏན་ཏིག་གཏོང་ཆེད། སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་པེ་ཅིང་གི་ཁ་གཏད་རོགས་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་རོང་ཁོངས་དཔལ་འབྱོར་ནང་འདྲེན་བྱས་ཤིང་། ཡུལ་སྐོར་ལས་རིགས་དང་འདེབས་འཛུགས་གསོ་སྤེལ་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཁམ་བུ་ཤང་དང་ཡུལ་སྐོར་ཤང་ནུས་ཤུགས་ཡོད་རྒུས་བཏོད་ལ། ས་ཞིང་མུའུ་349.83སྔ་རྗེས་སུ་བརྒྱུད་བཤུག་བཏང་ནས་ཕིང་ཀུའི་ཁམ་བུ་ཆེན་པོ་སྡོང་རྐང་ཁྲི་1ལྷག་ཙམ་ནང་འདྲེན་བྱས་ཏེ་ཕིང་ཀུའི་ཁམ་བུ་ཆེན་པོའི་འདེབས་འཛུགས་རྟེན་གཞི་བསྐྲུན་པ་རེད།

ད་ལྟ་ཡུལ་སྐོར་བ་དེ་བས་མང་བ་མཁར་རུར་ཡོང་ནས་ཁམ་བུའི་མེ་ཏོག་ལ་ལྟ་བ་དང་། ཁམ་བུའི་བྲོ་བ་མྱོང་བ། བོད་བྱ་དང་ཚགས་ཤ་ཟ་བ། ཆུ་ཚན་བརྒལ་བ། དམངས་སྲོལ་ཉམས་ལེན། སྤྲོ་གསེང་སོགས་བྱེད་ཀྱི་ཡོད། མཁར་རུ་ཤང་མཁར་རུ་གྲོང་ཚོར“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ”དང“རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ། 2019ལོར་མཁར་རུ་ཤང་གི་དབུལ་སྒྲོལ་དུད་ཚང་42ཚང་མར་ཆ་སྙོམས་ཡོང་འབབ་སྒོར་13284.31བྱུང་ཡོད།

ཉེ་བའི་ལོ་ཤས་རིང་སྙེ་མོ་རྫོང་གིས་ཐོན་ལས་བཞི་དང་གླིང་གསུམ་དམ་འཛིན་བྱ་གཞིར་བྱས་ཤིང་། ཁྱོན་ལ་སྐུལ་ཁྲིད་དང་སྤྱི་འདོམས་ངང་སྐུལ་འདེད་གཏོང་རྒྱུའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ“ཐོན་ལས་བཞི་དང་གླིང་གསུམ”གཙོ་གནད་དུ་འཛུགས་སྐྲུན་བྱས་པ་རེད། སྤོས་ཀྱི་རིག་གནས་དར་སྤེལ་ལ་གཞིགས་ནས་སྤོས་ཀྱི་ལག་ཤེས་བཟོ་རྩལ་དང་དེང་རབས་ཀྱི་ཐོན་སྐྱེད་ཀྱི་ལྟེ་བ་གཉིས་ཡག་པོ་བསྐྲུན་ནས་སྤོས་ཀྱི་ཐོན་ཟོག་དང་། སྤུས་རྟགས། ཁྲོམ་ར་བཅས་ཀྱི་མ་ལག་གསུམ་གྱི“123”གྱི་སྤོས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་བཏོད་དེ་སྤོས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད། 2019ལོར་རྫོང་ཡོངས་ཀྱི་སྤོས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་3898ཟིན་ཡོད། ན་ནིང་གི་ཟླ་བ་བརྒྱད་པར་རྫོང་གྲོང་སྤོས་ཀྱི་ཐོན་ལས་གླིང་དངོས་སུ་སྤྱོད་འགོ་ཚུགས་པ་ནས་བཟུང་སྤོས་ཏུན་5.01བཟོས་པར་ཐོན་སྐྱེད་རིན་ཐང་སྒོར་ཁྲི་156བྱུང་སྟེ། ཨེན་རྩེ་གྲོང་ལྷན་གྱི་གནས་སྤོས་དུད་ཚང་30སོ་སོར་ཆ་སྙོམས་ངལ་རྩོལ་བགོ་འགྲེམས་སྒོར་8600ཡན་ཡོང་རྒྱུར་སྣེ་ཁྲིད་ཐུབ་ཡོད།

དེ་དང་ཆབས་ཅིག“ལོ་ལྔའི་རིང་བྱ་མོ་ཁྲི་10འདུ་འགོད”ལག་ལེན་ཤུགས་ཆེན་བསྟར་ནས་བོད་བྱའི་བྱ་ཕྲུག་སྐྱེ་འཕེལ་དང་། ཚོང་ཟོག་བྱ་དེ་གསོ་ཚགས། བྱ་མོ་ཚུར་བསྡུ་བཅས་ཀྱི་ཐོན་ལས་ཅན་གྱི་གཉེར་སྐྱོང་མ་ལག་ནུས་ཤུགས་ཡོད་རྒུས་བཏོད་ནས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དང་། སྦྲེལ་ཐག་རྣམ་པའི་སྣུར་སྲིང་། ཐོན་ལས་ཅན་གྱི་འཕེལ་རྒྱས་བཅས་ཡོང་བར་བྱས། 2019ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བོད་བྱ་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞིས་བོད་བྱ་ཁྲི་6.1གསོ་སྤེལ་བྱས་ཤིང་། རྫོང་ཡོངས་ཀྱི་བོད་བྱ་གསོ་ཚགས་དུད་ཚང་636ལ་འབབ་འཕར་ཡོང་བར་ཁྱབ་འགྱེད་སྣེ་ཁྲིད་ཐུབ་ཡོད།

སྐྱེ་ལྡན་ཞིང་ལས་རྟེན་གཞི་མུའུ་5550ཧུར་ཐག་བཏོད་ནས་ས་མཐོའི་འདེབས་འཛུཌ་ལས་རིགས་ཀྱི་མཁའ་སྐྱོད་འདེབས་གསོ་དང་ཐོན་ལས་ཁྱབ་གདལ་ཉེར་སྤྱོད་རྟེན་གཞི་སྤྱོད་འགོ་ཚུགས་ཤིང་། མཁའ་སྐྱོད་ཚལ་སོན་སྡོང་རྐང་ཁྲི་6ནང་འདྲེན་བྱས་ནས་མུའུ་25བཏབ་པ་དང་། ཁམ་བུ་ཆེན་པོ་དང་། ཁྲེ་ལི་ཙི། རྒུན་འབྲུམ་སོགས་སྤུས་ལེགས་ཤིང་འབྲས་མུའུ་85བཏབ་སྟེ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་157ལ་ཆ་སྙོམས་དུད་ཚང་རེར་ཡོང་འབབ་སྒོར་3000ཡན་ཡོང་བར་སྣེ་ཁྲིད་ཐུབ་ཡོད།

སྙེ་མོའི་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པར་གོང་རིམ་ཏང་ཨུད་ཀྱི་ཚད་མཐོའི་བསྔགས་བརྗོད་དང་ཁས་ལེན་གང་ལེགས་ཀྱང་ཐོབ་ཡོད། 2016ལོ་ནས་བཟུང་། 2016ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་གྱི་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའ་རིམ་པ་གསུམ་པ་དང“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ས་གཙང་བདེ་ཐང་བོད་བྱའི་ཐོན་ལས་སྐུལ་འདེད་སྔོན་ཐོན་རྫོང་གི་མཚན་སྙན། 2017ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་གྱི་དམིགས་ཚད་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའ་རིམ་པ་དང་པོ་དང་། 2018ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་གྱི་དམིགས་ཚད་ལས་རྗེས་དཔྱད་ཞིབ་ཚད་ལོན་གྱི་བྱ་དགའ། བོད་རང་སྐྱོང་ལྗོངས་ཀྱི“2019ལོའི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སྒྲིག་འཛུགས་གསར་གཏོད་ཀྱི་བྱ་དགའ” 2019ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་གྱི་དམིགས་ཚད་ལས་རྗེས་ལེགས་བརྩོན་དཔྱད་ཞིབ་ཀྱི“ལེགས་བརྩོན་བྱ་དགའ་རིམ་པ་གསུམ་པ”བཅས་སྔ་རྗེས་སུ་ཐོབ་པ་རེད།