《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月31日

གནམ་ཐང་བསྐྲུན་པས་གནམ་ས་ཡངས།

—— མངའ་རིས་དགུན་ས་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་10འཁོར་བའི་སྐོར་བཀོད་པ།

མངའ་རིས་ས་ཁུལ་ནི་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4500ལས་བརྒལ་བ་དང་། རྒྱུན་སྡོད་མི་འབོར་ཁྲི་བཅུ་ཙམ་ཡོད་ཅིང་། “གནམ་གྱི་མཐའ”ཞེས་འབོད་ཀྱི་ཡོད། སྲིད་འཛིན་ཀུང་ཧྲུའུ་གནས་སའི་སེང་གེ་ཁ་འབབ་གྲོང་རྡལ་ནི་མཐའ་འཁོར་གྱི་ཐག་ཉེ་ཤོས་ཀྱི་གྲོང་ཁྱེར་ཤིན་ཅང་ཧོ་ཐན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་1300ཙམ་ཡོད་པ་དང་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་1500ཙམ་ཡོད་པ་རེད། 2010ལོ་ཡི་གོང་དུ་མངའ་རིས་ནས་ཕྱིར་སྐྱོད་དགོས་ན། རྒྱལ་ལམ་219བརྒྱུད་དགོས་པ་དང་རྒྱལ་ལམ་219ནི་ཤིན་ཅང་ཧོ་ཐན་གྲོང་ཁྱེར་དང་། བོད་ལྗོངས་གཞིས་རྩེ། ལྷ་ས་གྲོང་ཁྱེར་བཅས་དང་འབྲེལ་ཡོད། སྐབས་དེ་དུས་ཐག་རིང་བ་དང་ལམ་སྐྱོ་བས་སེང་གེ་ཁ་འབབ་གྲོང་རྡལ་ནས་ལྷ་སར་བསྐྱོད་དགོས་ན། ཉུང་མཐར་ཡང་ཆུ་ཚོད་40འགོར་གྱི་ཡོད་པ་རེད།

2006ལོར་རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་དབྱང་ཡོན་ཡོན་གྱིས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་སྣེ་ཁྲིད་དེ་མངའ་རིས་སུ་བསྐྱོད་ནས་མངའ་རིས་གནམ་ཐང་གི་ས་ཆ་འདེམས་པར་རྟོག་ཞིབ་བྱས་ནས་མངའ་རིས་གནམ་ཐང་གི་ས་ཆ་འདེམས་པའི་ཐད་བསམ་འཆར་བཏོན་པ་རེད། 2007ལོའི་ཟླ་7ཚེས་29ཉིན་དགུན་ས་གནམ་ཐང་སྐྲུན་འགོ་ཚུགས་ཤིང་། ལོ་གསུམ་ཙམ་དཀའ་སྤྱད་ཨར་བསྐྲུན་བྱས་པ་བརྒྱུད། 2010ལོའི་ཟླ་7ཚེས་1ཉིན་གནམ་ཐང་དངོས་སུ་བསྐྲུན་ཟིན་ནས་གནམ་གྲུ་ཤར་གཏོང་ཐུབ་སྟེ། བོད་ལྗོངས་ཁུལ་གྱི་དམངས་སྤྱོད་གནམ་ཐང་ཨང་བཞི་པར་གྱུར་བ་དང་མངའ་རིས་ནས་ལྷ་སར་གནམ་གྲུ་བསྡད་ན་ཆུ་ཚོད་གཉིས་ལས་འགོར་གྱི་མེད།

གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་བཅུ་སོང་རིང་། མངའ་རིས་དམངས་སྤྱོད་མཁའ་འགྲུལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། གནམ་གྲུ་ཤར་གཏོང་ཐུབ་པའི་ཐོག་མར་དགུན་ས་གནམ་ཐང་དུ“མངའ་རིས—ལྷ་ས—ཁྲེང་ཏུའུ”བཅས་བར་གྱི་མཁའ་ལམ་གཅིག་ལས་མེད་པ་དང་གཟའ་འཁོར་རེར་དུས་གཏན་གནམ་གྲུ་གཅིག་ལས་མེད། འཕེལ་རྒྱས་ཕྱིན་ནས་ད་བར། མཁའ་འགྲུལ་ཀུང་སི་གསུམ་གྱིས་མཁའ་འགྲུལ་ལམ་ཐིགས་བཞི་བཏོད་དེ་ལྷ་ས་དང་། ཤིས་ཨན། ཁ་ཧྲེ། ཝུའུ་ལུའུ་མུའུ་ཆི་བཅས་གྲོང་ཁྱེར་བཞི་ལ་འཕུར་གྱི་ཡོད། གཟའ་འཁོར་རེར་དུས་གཏན་གནམ་གྲུ་གཅིག་འཕུར་བ་ནས་ད་ཆ་གཟའ་འཁོར་རེར་དུས་གཏན་གནམ་གྲུ་12འཕུར་ནས་མཁའ་ལམ་གྱི་དྲ་བ་ཞིག་གྲུབ་ཡོད། གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་བཅུ་སོང་རིང་དགུན་ས་གནམ་ཐང་གིས་དུས་གཏན་གནམ་གྲུ་ཐེངས་7169འབབ་འཕུར་འགན་ལེན་བྱས་པ་དང་། འགྲུལ་པ་མི་ཐེངས་491367དང་དངོས་ཟོག་ཏུན་365སྐྱེལ་འདྲེན་བྱས་ཡོད། ལོ་ལྔ་ཡི་རིང་དུས་གཏན་གནམ་གྲུ་ཆ་སྙོམས་འཕར་ཚད་7%ཟིན་པ་དང་འགྲུལ་པ་དབོར་འདྲེན་བྱེད་ཚད་ཀྱི་ཆ་སྙོམས་འཕར་ཚད་18%ཟིན་པ་ལས་མངའ་རིས་མཁའ་འགྲུལ་ཁྲོམ་རའི་འཕེལ་རྒྱས་ཀྱི་རྣམ་པ་དང་མི་མངོན་པའི་སྟོབས་ཤུགས་གང་ལེགས་མངོན་ཡོད།

གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་བཅུ་སོང་རིང་། མངའ་རིས་དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་ལམ་བདེ་འཇགས་མུ་མཐུད་འགན་ལེན་བྱུང་ཞིང་། གནམ་ཐང་བབས་ཚུགས་ཀྱིས“བདེ་འཇགས་ནི་དམངས་སྤྱོད་མཁའ་འགྲུལ་གྱི་སྲོག་རྩ་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་དང་བདེ་འཇགས་འགན་ལེན་ནུས་པ་མུ་མཐུད་ཆེ་རུ་བཏང་སྟེ། མཁའ་འགྲུལ་སྐྱེལ་འདྲེན་འགན་ལེན་གྱི་ལས་འགན་གལ་ཆེན་ཐེངས་མང་ལེགས་སྒྲུབ་བྱས་ཡོད།

གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་བཅུ་སོང་རིང་། མངའ་རིས་དམངས་སྤྱོད་མཁའ་འགྲུལ་གྱིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། དམངས་སྤྱོད་མཁའ་འགྲུལ་བརྒྱུད། མངའ་རིས་ས་ཁུལ་ལ་ཡུལ་སྐོར་བ་དང་དངོས་ཟོག་མང་པོ་དབོར་འདྲེན་ཐུབ་ནས་ས་ཁུལ་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་2010ལོའི་མི་ཐེངས་ཁྲི་6.13ནས་2019ལོའི་མི་ཐེངས་ཁྲི་109.99བར་འཕར་ནས་ལོར་ཆ་སྙོམས་38%འཕར་བ་དང་ཡུལ་སྐོར་ཡོང་འབབ་ལོར་ཆ་སྙོམས་42%འཕར་བ་མ་ཟད། ས་ཁུལ་གྱི་GDP2010ལོའི་སྒོར་དུང་ཕྱུར་18.5ནས་2019ལོའི་སྒོར་དུང་ཕྱུར་62.04བར་འཕར་ཏེ་ལོར་ཆ་སྙོམས་14%འཕར་ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་19615ནས་སྒོར་39989བར་འཕར་ཡོད་པ་རེད།

གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་བཅུ་སོང་རིང་། མངའ་རིས་དམངས་སྤྱོད་མཁའ་འགྲུལ་དུ་མི་སེམས་འགུལ་བའི་དཔེ་མཚོན་མི་སྣ་མང་པོ་ཐོན་ཞིང་། “རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”དང“རྒྱལ་ཡོངས་དམངས་སྤྱོད་ལྔ་བཞི་གཞོན་ནུའི་གཟེངས་རྟགས”གཉིས་ཐོབ་མཁན་དང་། བདེ་འཇགས་དོ་དམ་གཞུང་ལས་ཁང་གི་ཅིང་ལི་པད་མ་རྒྱ་མཚོ། ལོ་བཞི་ཡི་རིང་གནམ་ཐང་གི་སྨན་པའི་ལས་གནས་བརྟན་སྲུང་བྱེད་མཁན་སྨན་པ་བདེ་ཆེན་དབང་མོ། ལོ་བཅུ་ཡི་རིང་དགུན་ས་གནམ་ཐང་གི་འཕུར་སྐྱོད་འགན་ལེན་ཞིབ་བཤེར་དང་སྒྲིག་ཆས་ལག་རྩལ་འགན་ལེན་བྱེད་མཁན་ཧོང་ཝེ་ཤའོ་བཅས་ཀྱི་ལུས་ཐོག་ནས་དཀའ་ངལ་ལ་མི་སྐྲག་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་མངགས་བཅོལ་དང་མི་དམངས་ཀྱི་རེ་བ་བློ་ལ་བཅངས་པ། དམངས་སྤྱོད་མཁའ་འགྲུལ་གྱི་སྟོབས་ལྡན་རྒྱལ་ཁབ་འཐབ་ཇུས་མངོན་འགྱུར་ཧུར་ཐག་བྱེད་པ་བཅས་ཀྱི་མངའ་རིས་དམངས་སྤྱོད་མཁའ་འགྲུལ་གྱི་སྙིང་སྟོབས་གང་ལེགས་མངོན་ཡོད།