《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月31日

ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཚེས་28ཉིན། ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར། དོན་འཁྱོལ་བཅས་བྱས་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ཐད་ཀྱི་ཏང་ཀྲུང་དབྱང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལྟར། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་དེ་ལས་ཀའི་ཐབས་ཤེས་སུ་བྱས་ཏེ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པ། སེམས་ནུས་གཅིག་སྒྲིལ་གྱིས“ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ལོ་ཧྲིལ་པོའི་སྔོན་གཏན་འཁེལ་བའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། རྒྱལ་མཚན། དབང་ཧའེ་ཀྲོའུ། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་། ལུའོ་མེ། འཇམ་དཔལ། ཀྲང་ཧུང་པོ། རེན་ཝེ། ཕུར་བུ་དོན་གྲུབ་བཅས་ཚོགས་འདུར་ཞུགས་པ་རེད།

ཆེ་དགྲ་ལྷས་བསྟན་དོན། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་5.1%ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་8.8%དང་10.4%སོ་སོར་འཕར་བ་དང་དམངས་ཁྲོད་མ་འཇོག་དུས་མཚུངས་ལས་63.7%འཕར་ཡོད། ཡུལ་སྐོར་ལས་རིགས་སྔ་སྣུར་དུ་འཕར་བ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་2.3ལས་ཞུགས་གསར་འཕར་ཐུབ་པ། ཞིང་འབྲོག་པ་ཁྲི་46.1ལས་ཞུགས་གཞན་སྒྱུར་བྱུང་བ་བཅས་གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མ་ཡིན།

ཆེ་དགྲ་ལྷས་བླང་བྱ་བཏོན་དོན། ལོ་སྨད་དུ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་རིམས་ནད་ཕྱི་ནས་འགོ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སོགས་འབྲེལ་མཐུད་ནུས་ལྡན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་འབོར་འགན་ལེན་བྱེད་དགོས། མ་འཇོག་བརྟན་པོ་ཡོང་བར་དམིགས་ནས་དམངས་འཚོའི་འདུ་འགོད་ཆེན་པོ་གསུམ་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ལས་གྲྭའི་རྣམ་གྲངས་གང་མགྱོགས་ལས་འགོ་འཛུགས་རྒྱུ་དང་། རྒྱལ་ཁབ་ཀྱི་མ་དངུལ་གཏོང་ཕྱོགས་དང་བོད་ལྗོངས་ཀྱི་དོན་དངོས་དང་མཐུན་པའི་རྣམ་གྲངས་གལ་ཆེན་ཁག་ཅིག་གསོག་འཇོག་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས། ཐོན་ལས་ཀྱི་ཞན་ཆ་གང་མགྱོགས་གསབ་ཏེ་གཙོ་བོར་བྱས་པའི་འབྲུ་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་ལེན་མཐའ་གཅིག་ཏུ་བྱེད་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་འགག་གནད་ནུས་ཤུགས་ཡོད་རྒུས་བསལ་བ། ནོར་སྲིད་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ཡུལ་སྐོར་གྱི་ནང་མཁོའི་འཛད་སྤྱོད་རྒྱ་ཆེ་རུ་གཏོང་རྒྱུར་་སྐུལ་འདེད་བྱེད་དགོས། དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་གྱི་དམིགས་ཚད་ལ་དམིགས་ཏེ། ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་དམངས་འཚོ་འགན་ལེན་གྱི་ལས་ཀའི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། ཀྲུའུ་ཞི་དབང་དབྱང་བོད་དུ་བརྟག་ཞིབ་གནང་བར་ཕེབས་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས།