《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月31日

ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་། སྨན་གླིང་རྫོང་གི་ཐོན་ལས་གླིང་། བཟོ་གྲྭའི་འཁོར་ཁང་། ཞིང་ནང་དང་མུ་ཁ། ཞིང་དུད་བཅས་སུ་ཕེབས་ནས་ལེགས་ཆའི་ཐོན་ལས་འཕེལ་རྒྱས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

སྨན་གླིང་རྫོང་དུ་གནས་པའི་བོད་ལྗོངས་ཁེ་ཤིང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ས་གནས་དེ་གའི་ནས་དང་ཀུ་ཤུ་སོགས་ཞིང་ཞོར་ཐོན་རྫས་མ་བཅོས་རྒྱུ་ཆར་བྱས་ནས་ལས་སྣོན་ཞིབ་ཚགས་བྱས་ཏེ་ནས་ཀྱི་ཅང་ཡིའུ་དང་། ཀུ་ཤུའི་ཁུ་བ། ཀུ་ཤུའི་སྐྱུར་ཁུ་སོགས་ཐོན་རྫས་ཐོན་སྐྱེད་བྱས་པར་དགའ་བསུ་ཆེན་པོ་ཐོབ་པ་དང་བྲིན་ཁ་རྒྱུག་པོ་ཡོད། ཁེ་ལས་ཀྱི་འགན་འཁུར་བས་ཁེ་ལས་ཀྱི་ཐོན་རྫས་ཚང་མ་ཐོན་སྐྱེད་ཟིན་རྗེས་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ཡན་ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཀྲོང་ཡན་གྱིས་གསན་རྗེས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་དང་ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བའི་འགག་རྩ་ནི་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་ཐུག་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་སྣོད་བཅུད་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་། ཐོན་ལས་ཀྱི་ལེགས་ཆ། འགྲན་རྩོད་ཀྱི་ལེགས་ཆ་བཅས་སུ་འགྱུར་བར་བྱས་ནས་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་གྲགས་ཅན་སྤུས་རྟགས་གཏོད་དེ་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་ལེགས་པ་བཅས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་དང་ཤར་བགྲོད་ཐུབ་པར་བྱེད་དགོས་ཞེས་གསུངས་པ་དང་ཆབས་ཅིག ཀྲོང་ཡན་གྱིས་ད་དུང་ཁེ་ལས་ཀྱི་འགན་འཁུར་བར་ཕྱུག་འགྱུར་གྱི་འབྱུང་རྩ་གང་ཡིན་པ་ཤེས་པར་བྱེད་པ་དང་། ཁེ་ཕན་དང་འོས་འགན་གཉིས་ཀར་བསམ་བློ་བཏང་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ཡག་པོ་སྒྲུབ་དགོས་པའི་བཀའ་མངགས་གནང་བ་རེད།

ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་བཟང་པོ་ལས་རྗེས་ཐོན་ལེགས་ཆ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་རིམ་བཞིན་མངོན་བཞིན་ཡོད་པ་དང་ལྗོངས་ཕྱི་ནང་གི་ཚོང་འགྲུལ་དང་དམངས་ཁྲོད་ཀྱི་མ་རྩ་དེ་བས་མང་བ་ཉིང་ཁྲིའི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱི་ཕྱོགས་སུ་ཡོང་གི་ཡོད། ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཀོང་ཏུང་དང་ཉིང་ཁྲིའི་ཐོན་ལས་གླིང་འདི་ལོའི་ཟླ་4པར་སྒོ་ཕྱེ་ཚུན། ཁེ་ལས་12དེའི་ནང་ཞུགས་པའི་ཁྲོད་ལས་རིགས་ནང་ཁུལ་གྱི་སྣེ་འདྲེན་ཁེ་ལས་4ཡོད་པ་དེ་དག་ས་མཐོའི་སྐྱེ་དངོས་ཚན་རྩལ་དང་། བོད་ཇ། བོད་ཕག ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་ལས་སྣོན་ཞིབ་ཚགས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད། ཀོང་ཏུང་དང་ཉིང་ཁྲིའི་ཐོན་ལས་གླིང་གི་ཉིང་ཁྲིའི་གཡུས་ཀྲེ་ཤང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིར་ཀྲོང་ཡན་གྱིས་ཚོང་འགུགས་མ་འདྲེན་དེ་དཔལ་འབྱོར་ལས་དོན་གྱི་མངོན་གསལ་དོད་པའི་གནས་བབ་གལ་ཆེན་ཐོག་བཞག་ནས་དམ་འཛིན་བྱེད་པ་དང་ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཐོན་ཁུངས་ལ་བརྟེན་ཏེ“གདན་འདྲེན་པ”དང་། “ཕྱིར་སྐྱོད་པ”“སྒྲུབ་ཐུབ་པ”བཅས་མཐའ་འཁྱོངས་བྱས་ནས་ལྗང་མདོག་ཐོན་ཁུངས་དེ་ཉིང་ཁྲིའི་ཚོང་འགུགས་མ་འདྲེན་གྱི་ཡིད་དབང་འགུག་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།