《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月31日

སྐོར་སྐྱོད་སྨན་བཅོས་བྱས། དམངས་ལ་སྟབས་བདེ་བསྐྲུན།

“མགྱོགས་པོ་ཨ་མ་དབྱངས་ཅན་ལགས་སྐད་གཏོང་དང་། ཁོང་ཚོ་རིན་མེད་སྨན་བཅོས་བྱེད་པར་སླར་ཡང་སླེབས་སོང”ལྷ་ཀླུ་སྡེ་ཁུལ་དུ་སྡོད་པའི་གྲོང་མི་པ་སངས་སྒྲོལ་མས་ཀུན་བདེ་གླིང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་དོན་མི་སྣ་གྲོང་ལྷན་གྱི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་པར་སླར་ཡང་སླེབས་པ་གོ་ཐོས་བྱུང་མ་ཐག རང་གི་ཟླ་བོ་ཁྱིམ་མཚེས་ཚོར་ལན་སྤྲོད་པར་བཏང་།

ཕྱི་དྲོའི་ཆུ་ཚད་གསུམ་པ་ཡས་མས་སུ་གྲོང་མི་མང་པོ་ཞིག་ལྷ་ཀླུ་སྡེ་ཁུལ་གྱི་ཨུ་ཡོན་ལྷན་ཁང་དུ་སྔ་རྗེས་སུ་འཛོམས་ཤིང་། ཁོང་ཚོའི་ཁྲོད་ཀྱི་མང་ཆེ་བ་ནི་ཁྲག་ཤེད་མཐོ་བའི་ནད་དང་། ཁྲག་མངར་མཐོ་བའི་ནད། གྲུམ་ནད་སོགས་ཕོག་པའི་རྒན་རྒོན་ཤ་སྟག་རེད།

ཁོངས་གཏོཌ་ཁུལ་གྱི་གྲོང་མིར་བདེ་ཐང་བསྐྱལ་ནས་ཁྱིམ་ཚང་སྨན་པའི་གན་འཇོག་ལས་དོན་ཡོངས་སུ་ཁྱབ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་ཆེད། ཀུན་བདེ་གླིང་ཁྲོམ་གཞུང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས“གྲོང་མི་ཚང་མ་བདེ་ཐང་ཡོང་བའི་ཆེད། གན་འཇོག་ཞབས་ཞུ་ཁྱིམ་ཚང་ཀུན་ཏུ་བསྒྲུབས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་སྤེལ་ཞིང་། བོད་ལུཌ་སྨན་པ་དང་། ཕྱི་ལུཌ་སྨན་པ། ནད་སྐྱོང་པ་སོཌ་མང་པོ་ཞིག་སྒྲིག་འཛུཌ་བྱས་ཏེ། ལྷ་ཀླུ་སྡེ་ཁུལ་གྱི་རྒྱ་ཆེའི་གཞི་རིམ་མང་ཚོཌ་དང་ལྷག་པར་དུ་ནད་གཞི་ཕོག་ནས་དབུལ་པོ་ཆཌ་པ་དང་ནད་གཞི་ཕོག་ནས་དབུལ་པོ་བསྐྱར་ལོག་ཐེབས་པའི་མང་ཚོགས་ལ་ནད་གཞི་སྨན་བཅོས་དང་། དྲག་སྐྱེད་ཁྲིད་སྟོན། བདེ་ཐང་སློབ་གསོ། འོས་འགན་སྨན་བཅོས། སྐོར་སྐྱོད་སྨན་བཅོས་སོགས་གཞི་རིམ་གྱི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་བསྒྲུབས་ཡོད།

འོས་འགན་སྨན་བཅོས་བྱ་ཡུལ་དུ་མཁོ་ཆོད་སྨན་པ་བདེ་སྐྱིད་དཔལ་མོའི་ཁྲིད་སྟོན་འོག་མཐའ་འཁོར་དུ་ཡོད་པའི་མང་ཚོགས་ཀྱིས་ལག་པ་རྡེབ་པ་དང་། རྐང་ལག་འཕུར་འཕུར་གཏོང་བ། མཇིང་པ་གཅུས་པ་སོགས་བྱེད་བཞིན་མཆིས།

“ད་ལྟ་ལག་ཐོགས་ཁ་པར་ལ་མགོ་གཡེང་མཁན་མང་བས་གཟུགས་པོར་གནོད་པ་ཆེ་བ་དང་ལྷག་པར་དུ་མཇིང་ཚིགས་ལ་གནོད་ཚབས་ཆེ་བས་གཟབ་གཟབ་བྱེད་དགོས་ཀྱི་འདུག དེ་རིང་ཨེམ་རྗེ་ལགས་ཀྱིས་གསུངས་པའི་བདེ་སྲུང་ཤེས་བྱ་དག་མཁོ་ཆེ་བས་ངས་སླད་ཕྱིན་དེ་ལྟར་བྱེད་ཐུབ་པ་བྱ་རྒྱུ་ཡིན”ཞེས་གྲོང་མི་མཚོ་མོས་བཤད།

དེ་རྗེས་བདེ་སྐྱིད་དཔལ་མོས་གཅོང་ནད་འགོག་བཅོས་དང་ཕྲུ་གུ་དམར་འབྱར་གྱི་འཚོ་བཅུད་བདེ་སྲུང་ཞབས་ཞུ་སོགས་ཀྱི་ནང་དོན་བོད་སྐད་ནས་སྒྲོག་སྦྱངས་བྱས་པ་མ་ཟད། ད་དུང་ངག་འཇམ་ལ་གསོན་ཉམས་ལྡན་པའི་དཔེ་སྟོན་ལས་དེར་ཡོད་གྲོང་མི་ཚོའི་བློ་ལ་ཤིན་ཏུ་བབས།

“ཨ་ཅག་ལགས། མ་བདེ་བ་གང་འདུག་གམ”

“གསེར་ཁབ་བརྒྱབ་ཚར་སོང་། ཞབས་རྐྱོངས་ཙམ་གནང་ནས་བདེ་རུ་ཕྱིན་མིན་གཟིགས་དང”

འོས་འགན་བྱེད་སྒོ་སྤེལ་ཡུལ་དུ་སྨན་དོན་མི་སྣ་ཚང་མས་སྨན་བཅོས་བྱེད་པར་གཞོལ་ཞིང་། ལ་ལས་ཁྲག་ཤེད་ལྟ་བ་དང་རྩ་བརྟག་པ་དང་། ལ་ལས་སྨན་དང་བདེ་སྲུང་ལག་དེབ་སྤྲོད་པ། ལ་ལས་འཕྲོད་བསྟེན་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། ལ་ལས་ཁྲག་ཤེད་དང་ཁྲག་མངར་འཇལ་བ་དང་འབྲེལ་བརྟག་དཔྱད་བྱས་འབྲས་ལ་གཞིགས་ནས་གྲོས་འགོ་འདོན་པ་སོགས་ཀྱི་བྱ་སྤྱོད་དག་ལ་གྲོང་མི་ཚོའི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ།