《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月31日

ཐོན་ཁུངས་དཔྱ་ཁྲལ་གྱི་ཞིབ་ཕྲའི་སྤྱད་འཐུས་ཁྲལ་ཚད་སོགས་འབྲེལ་ཡོད་དོན་གནད་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

(2020ལོའི་ཟླ་7ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་གྲོས་འཆམ་བྱུང་བ)

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་ཁུངས་དཔྱ་ཁྲལ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་ཐོན་ཁུངས་དཔྱ་ཁྲལ་གྱི་འབྲེལ་ཡོད་དོན་གནད་ལ་གཤམ་གསལ་གྱི་གཏན་འབེབས་བྱ་རྒྱུ་སྟེ།

གཅིག བོད་རང་སྐྱོང་ལྗོངས་ཀྱི་ཐོན་ཁུངས་དཔྱ་ཁྲལ་གྱི་རྣམ་གྲངས་དང་ཁྲལ་ཚད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་ཁུངས་དཔྱ་ཁྲལ་བཅའ་ཁྲིམས》ཐོག་ཟུར་བཀོད་བྱས་པའི《ཐོན་ཁུངས་དཔྱ་ཁྲལ་གྱི་རྣམ་གྲངས་དང་ཁྲལ་ཚད་རེའུ་མིག》དང་། དེ་བཞིན་གཏན་འབེབས་འདིའི་ནང་ཟུར་བཀོད་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་ཐོན་ཁུངས་དཔྱ་ཁྲལ་གྱི་རྣམ་གྲངས་དང་ཁྲལ་ཚད་རེའུ་མིག》གཞིར་བཟུང་ལག་བསྟར་བྱ་རྒྱུ།

གཉིས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་ཁུངས་དཔྱ་ཁྲལ་བཅའ་ཁྲིམས》ཀྱི་གཏན་འབེབས་བཞིན། རིན་བསྟུན་ཁྲལ་བསྡུའམ་ཡང་ན་ཚད་བསྟུན་ཁྲལ་བསྡུའི་གདམ་ག་གང་རུང་བྱས་ཆོག་པའི་ཐོན་ཁུངས་དཔྱ་ཁྲལ་བསྡུ་ཁོངས་རྣམ་གྲངས་དྲུག་གི་ཁྲོད་ནས་རྡོ་ཐལ་བྲག་རྡོ་དང་། བྱེ་རྡོ། གཏེར་ཆུ། རང་བྱུང་ཚྭ་ཆུ་བཅས་ཀྱི་ཐོན་ཁུངས་དཔྱ་ཁྲལ་དེ་རིན་གོང་ལྟར་བསྡུ་རྒྱུ་དང་། ས་འོག་ཚ་ནུས་དང་ས་མྱགས་ཐོན་ཁུངས་ཀྱི་དཔྱ་ཁྲལ་གཞན་རྣམས་གྲངས་ཚད་ལ་གཞིགས་ནས་བསྡུ་རྒྱུ།

གསུམ། རྩ་ཆག་གཏོང་རྒྱུའམ་ཡང་ན་ཆག་ཡང་གཏོང་རྒྱུའི་གཏན་འབེབས།

(གཅིག)ཁྲལ་འཇལ་མཁན་གྱིས་ཁྲལ་འཇལ་དགོས་པའི་ཐོན་རྫས་སྔོག་འདོན་ནམ་ཡང་ན་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ནམ་ཡང་ན་རང་བྱུང་གནོད་འཚེ་སོགས་ཀྱིས་རྐྱེན་པས་གྱོང་གུན་ཚབས་ཆེན་ཕོག་པར་ཐོན་ཁུངས་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ།

(གཉིས)ཁྲལ་འཇལ་མཁན་གྱིས་མཉམ་ཆགས་གཏེར་ཁ་དང་གཏེར་རོ་སྔོག་འདོན་བྱས་པར་ཐོན་ཁུངས་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ་དང་། ཁྲལ་འཇལ་མཁན་གྱིས་སྤུས་ཚད་ཞན་པའི་གཏེར་ཁ་སྔོག་འདོན་བྱས་པར་ཐོན་ཁུངས་དཔྱ་ཁྲལ་གྱི་50%ཆག་ཡང་གཏོང་རྒྱུ།

བཞི། གཏན་འབེབས་འདི་2020ལོའི་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ 《བོད་རང་སྐྱོང་ལྗོངས་ཐོན་ཁུངས་དཔྱ་ཁྲལ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》(བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ་1994ལོའི་ཡིག་ཨང་དང་པོ)དེ་དུས་མཚུངས་སུ་རྩིས་མེད་གཏོང་རྒྱུ། (《བོད་རང་སྐྱོང་ལྗོངས་ཀྱི་ཐོན་ཁུངས་དཔྱ་ཁྲལ་གྱི་རྣམ་གྲངས་དང་ཁྲལ་ཚད་རེའུ་མིག》པར་ངོས་དྲུག་པར་བཀོད་ཡོད)