《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月31日

ཡན་ཅིན་ཧའེ་ཡིས་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཚེས་29ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་ཕེབས་ནས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་ལ་བརྟག་ཞིབ་གནང་སྟེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འོག་སློབ་ཁྲིད་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་མ་ཟད། བོད་ཡིག་དང་བོད་ལུགས་གསོ་རིག་སོགས་ཀྱི་ཁྱད་ལྡན་རིག་ཚན་འཕེལ་རྒྱས་གནས་ཚུལ་ལ་གཟིགས་སྐོར་གནང་བ་དང་འབྲེལ་རྒྱ་ཆེའི་དགེ་སློབ་ཚོར་འཚམས་འདྲི་ཡང་གནང་བ་རེད།

ཡན་ཅིན་ཧའེ་བོད་ལྗོངས་སློབ་ཆེན་དུ་ཕེབས་ནས་སློབ་གྲྭའི་རིག་ཚན་རྩེ་གྲ་འཛུགས་སྐྱོང་གི་གྲུབ་འབྲས་དང་། ཏང་འཛུགས་སྐྱོང་གི་ལས་དོན།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བསམ་བློ་ཆབ་སྲིད་ལས་དོན་སོགས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་པང་ལ་ནན་ཏན་ངང་གཟིགས་གནང་བ་དང་འབྲེལ། བོད་ཡིག་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་བསྡུ་ཉར་དང་། ལེགས་སྒྲིག སྲུང་སྐྱོང་། འཕེལ་རྒྱས་བཅས་ཀྱི་ལས་ཀའི་གྲུབ་འབྲས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། བོད་ལྗོངས་སློབ་ཆེན་བཙུགས་ནས་ལོ་60ལྷག་སོང་རིང་དམིགས་བསལ་གྱི་ས་མཐོའི་མི་རིགས་ས་ཁུལ་དུ་དེང་རབས་ཅན་གྱི་མཐོ་རིམ་སློབ་གསོ་གཉེར་བའི་གྲུབ་འབྲས་ལམ་བུ་འཚོལ་ཞིབ་བྱས་པ་དང་། རིམ་པ་ཁག་དང་རིགས་ཁག་གི་ཆེད་ལས་ཤེས་ལྡན་མི་སྣ་རིམ་རྩིས་བྱས་ན་ཁྲི་7ལ་ཉེ་བ་གསོ་སྐྱོང་བྱས་ཏེ། བོད་ཀྱི་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཚན་རིག་ཞིབ་འཇུག གྲུབ་འབྲས་གཞན་སྒྱུར། མཐོ་རིམ་ཐབས་ཇུས་བློ་འདྲི་དང་མི་རིགས་རིག་གནས་རྒྱུན་འཛིན་གསར་གཏོད་བཅས་ཀྱི་རྟེན་གཞི་གལ་ཆེན་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་དང་སྤེལ་རེས་ཀྱི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་པ་མཁྱེན་སྐབས་ཡན་ཅིན་ཧའེ་ཡིས་གདེང་འཇོག་གང་ལེགས་གནང་བ་རེད།

བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་ཡན་ཅིན་ཧའེ་ཡིས་སློབ་ཁུལ་གསར་པའི་འཛུགས་སྐྲུན་དང་བོད་ལུགས་གསོ་རིག་ཚན་ཁག་གི་ཏང་འཛུགས་སྐྱོང་། ཟུར་ཁྲིད་པས་ལས་དོན་སྤེལ་ཚུལ་བཅས་ཀྱི་སྙན་སེང་གསན་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་དང་། སློབ་ཁྲིད་ཀྱི་ཐང་ག ཚོད་ལྟའི་སློབ་ཁྲིད་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ་རེད།

བརྟག་ཞིབ་གནང་སྐབས། ཡན་ཅིན་ཧའེ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མི་སྣ་གསོ་སྐྱོང་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཀུན་སྤྱོད་ལ་བརྟེན་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་མཐའ་འཁྱོངས་བྱེད་པ། མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ཡག་པོ་བསྒྲུབས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བ། མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཆེད། སྤྱོད་ཡོན་གཉིས་ལྡན་དང་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པ་དང་། སློབ་ཁྲིད་ཀྱི་སྤུས་ཚད་སྔར་བས་མཐོ་རུ་བཏང་ནས་ཀུན་སྤྱོད་ལ་བརྟེན་ནས་རང་ཚུགས་ཐུབ་པ་དང་། ཀུན་སྤྱོད་ལ་བརྟེན་ནས་སློབ་གྲྭ་འཛུགས་སྐྱོང་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་སློབ་ཁྲིད་བྱེད་པ་བཅས་ཀྱི་བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་ཧུར་ཐག་གཏོད་པ། སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག་ལ་བརྟེན་ནས་སྤྱི་ཚོགས་ཡར་ཐོན་ལ་ཁྲིད་སྟོན་བཅས་བྱས་ཏེ་མེས་རྒྱལ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན་བྱེད་པ་དང་། ཤེས་ཡོན་ལྡན་པ་དང་། འཇོན་ཐང་ངོ་མ་ཡོད་པ། གཞི་རིམ་དུ་བསྐྱོད་པ་དང་གཞི་རིམ་དུ་ཞབས་འདེགས་ཞུ་ཐུབ་པ། བློས་འགེལ་ཆོག་པ་དང་། སྤྱོད་ཐུབ་པ། གཞི་ཆགས་ཐུབ་པ། གཞི་རིམ་དུ་སྐྱོད་ཐུབ་པ་བཅས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།