《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月30日

སྣང་རྫོང་གི་སུར་པན་གྱི་དྲི་ཞིམ་ཡུལ་ཁམས་ཀུན་ཏུ་འཐུལ།

གསར་རྙེད།

སྣང་རྫོང་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་ཡར་ཀླུང་གཙང་པོ་དེ་བརྒྱུད་ནས་རྒྱུག་གི་ཡོད། ཐུན་མིན་གྱི་ས་ཁམས་གནས་ཡུལ་དང་གནམ་གཤིས་ཁྱད་ཆོས་ལས་དམིགས་བསལ་དུ་ཡོད་པའི་སུར་པན“གླང་རྭ་ཆུང་ཆུང”དེ་གར་སྐྱེས་འཕེལ་ཡག་པོ་བྱུང་བ་དེའི་འཚོ་བཅུད་Cདང་མེ་ཏོག་གི་མདོག་རྒྱུ་རིགས་གཞན་ལས་ཧ་ཅང་མཐོ་བ་ཡོད་པ་རེད།

སྣང་རྫོང་གི་སུར་པན་ལ་ལོ་ངོ་100ལྷག་ཙམ་གྱི་འདེབས་འཛུགས་ལོ་རྒྱུས་ཡོད། འོན་ཀྱང་2016ལོའི་གོང་དུ་འདེབས་འཛུགས་བྱེད་སྟངས་ཁྱིམ་ཚང་གཙོ་བོར་འཛིན་གྱི་ཡོད། མི་སེར་རྣམས་ཀྱིས་ཉུང་ཤས་ཤིག་ཁྲོམ་རར་འཚོང་བ་ལས་གཙོ་བོ་རང་མཁོ་རང་འདང་བྱེད་ཀྱི་ཡོད། སྣང་རྫོང་གི་སུར་པན་གྱི་འཚོ་བཅུད་རིན་ཐང་དང་དཔལ་འབྱོར་རིན་ཐང་རིམ་བཞིན་ཤེས་རྟོགས་བྱུང་བ་དང་ཆབས་ཅིག་སྣང་རྫོང་གི་སུར་པན་ཐོན་སྐྱེད་དང་འདེབས་འཛུགས་བྱེད་སྟངས་ཀྱང་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ལམ་བུའི་ཐོག་བསྐྱོད་ཡོད། ད་ཆ“གླང་རྭ་ཆུང་ཆུང”དེ་སྣང་རྫོང་གི་ཞིང་ཁ་དང་དྲོད་ཁང་ཆེ་མོའི་ནང་གི་ཡོང་འབབ་གསོག་བྱེད་གཙོ་བོར་གྱུར་པ་མ་ཟད། སྣང་རྫོང་གི་མི་དམངས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི“དཔག་བསམ་ཤིང”་དུ་གྱུར་ཡོད།

ད་ལོ་ལོ་28ལ་སླེབས་པའི་ངག་དབང་བསྟན་འཛིན་ནི་སྣང་རྫོང་གདོང་དཀར་གྲོང་རྡལ་འགྲིལ་གྲོང་ཚོའི་གྲོང་མི་ཡིན། ཁོང་གི་དྲན་ཤེས་ནང་དུ་ཁྱིམ་དུ་ལོ་ལྟར“གླང་རྭ་ཆུང་ཆུང”འདེབས་ཀྱི་ཡོད། དེ་སྔ་ཤིང་ཏོག་དང་སྔོ་ཚལ་ཕུན་སུམ་ཚོགས་པོ་མེད་པའི་བོད་དུ་འཚོ་བཅུད་ཕུན་སུམ་ཚོགས་པའི་སུར་པན་ནི་ཤིང་ཏོག་ཡིན་ལ་སྔོ་ཚལ་ཡང་ཡིན།

“ང་ཚོའི་ས་ཆ་དེ་ས་མཐོའི་ལུང་གཞུང་དུ་གནས་པ་དང་ལོ་འཁོར་མོ་གནམ་གཤིས་གྲང་མོ་མེད་པར་བརྟེན་ལོ་ཏོག་འདེབས་རྒྱུར་ཧ་ཅང་འཚམ་པས་གྲོང་མི་ཚོས་སྤྱིར་ན་ནས་དང་། ཀུ་ཤུ། སྟར་ཁ་སོགས་འདེབས་ཀྱི་ཡོད། འོན་ཀྱང་ཀུ་ཤུའི་སྡོང་པོར་ལོ་3ནས་5ཙམ་སོང་ན་མ་གཏོགས་འབྲས་བུ་འདོགས་ཐུབ་ཀྱི་མེད་པ་དང་སྟར་ཁར་ཡང་ལོ་8ནས་10བར་ཕྱིན་ན་མ་གཏོགས་འབྲས་བུ་བསྡུ་ཐུབ་ཀྱི་མེད། ས་ཞིང་བཀོལ་སྤྱོད་བྱེད་ཚད་ཇེ་མང་དུ་གཏོང་ཆེད། གྲོང་མི་ཚོས་ཀུ་ཤུའི་སྡོང་པོ་དང་སྟར་སྡོང་གི་འོག་ཏུ་སུར་པན་འདེབས་ཀྱི་ཡོད”ཅེས་སྣང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ཚེ་གཡང་གིས་ངོ་སྤྲོད་བྱས། (པར་ངོས་གསུམ་པར་གཟིགས)

བསམ་ཕྱོགས་གསར་པ།

(པར་ངོས་དང་པོར་མཐུད) འདེབས་འཛུགས་བྱེད་པའི་བརྒྱུད་རིམ་ནང་མི་རྣམས་ཀྱིས་སུར་པན་ལ་ནག་ཐིག་ཡོད་པ་ཤེས། དང་ཐོག་ཞིང་ལས་ལག་རྩལ་མི་སྣས་ནད་འབུའི་གནོད་པ་ཡིན་པར་སྙམ་ནས་ཞིང་ལས་དང་གྲོང་གསེབ་པུའི་བཟའ་བཅའི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ཚད་ལེན་ལྟེ་གནས་སུ་ཞིབ་དཔྱད་ཚད་ལེན་བྱེད་པར་བསྐྱལ། བསམ་ཡུལ་ལས་འདས་པར་སྣང་རྫོང་གི་ཁེ་བརྒྱ་རེའི་སུར་པན་ཁྲོད་ནས་མེ་ཏོག་གི་མདོག་རྒྱུ་ཧའོ་ཁེ་5.56ལྡན་ཡོད་པ་དང་། སུར་པན་ཁེ་བརྒྱ་རེའི་ནང་འཚོ་རྒྱུ་Cའདུས་ཚད་ཧའོ་ཁེ་226ཡོད་པ་དེ་སུར་པན་གཞན་དག་ལས་ཧ་ཅང་མཐོ་བ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་བཟུང་སྣང་རྫོང་སུར་པན་གྱི་དྲི་ཞིམ་གང་སར་ཁྱབ་ནས་ཁྲོམ་རའི་ཐོག་བྲིན་ཁ་དེ་བས་རྒྱུག་ཏུ་ཕྱིན།

ངག་དབང་བསྟན་འཛིན་ཁྱིམ་དུ་ད་ལྟ་དྲོད་ཁང་ཆེ་མོ་4དང་མུའུ་5ཡི་ཞིང་ཁར་སུར་པན་འདེབས་འཛུགས་བྱས་པས་དྲོད་ཁང་གི་ཐོན་འབབ་དང་ཡོང་འབབ་ནི་ཞིང་ཁའི་ནང་དུ་སུར་པན་བཏབ་པ་ལས་ལས་ལྡབ་གཅིག་གིས་མཐོ་བ་ཡོད་པ་ཚོར་ཡོད། “དྲོད་ཁང་ནང་གི་སུར་པན་ཟླ་6ཙམ་སྐྱེས་ཐུབ་པས་དུས་མིན་ཕྱིར་ཚོང་བྱེད་སྐབས་རྒྱ་མ་རེར་སྒོར་30རག་གི་ཡོད། ཞིང་ནང་དུ་སུར་པན་སྐྱེས་པའི་དུས་སུ་མ་གཏོགས་འཚོང་ཐུབ་ཀྱི་མེད་པས་རྒྱ་མ་རེར་སྒོར་5ཙམ་ལས་རག་གི་མེད”ཅེས་ངག་དབང་བསྟན་འཛིན་གྱིས་བཤད།

ཅུས་ཀྲང་ཚེ་གཡང་གིས་ཀྱང་ང་ཚོར་ཡོང་འབབ་རྩིས་བརྒྱབ་པ་སྟེ། དྲོད་ཁང་ཆེ་མོར་ཟླ་12པར་སུར་པན་བཏབ་ཚེ་སང་ལོའི་ཟླ་2པར་འབྲས་བུ་འདོགས་པ་དང་ཟླ་6ནས་8བར་འབྲས་བུ་ཐེངས་4བསྡུ་རྒྱུ་ཡོད་པས་མུའུ་རེ་ནས་ཆ་སྙོམས་ཐོན་འབབ་རྒྱ་མ་2000ནས་2500བར་བསྡུ་ཐུབ་ལ་ཡོང་འབབ་ཀྱང་སྒོར་7500ཡན་ཟིན་གྱི་ཡོད། ཡོང་འབབ་དེ་གྲོང་མི་ཚོས་ནས་སོགས་ལོ་ཏོག་འདེབས་འཛུགས་བྱས་པ་ལས་ཧ་ཅང་གིས་མཐོ་བ་ཡོད།

2016ལོར་སྣང་རྫོང་གིས་སུར་པན་འདེབས་འཛུགས་དེ་གཙོ་ཁྲིད་ཐོན་ལས་སུ་བརྩིས་ནས་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་བཏང་ཞིང་། དང་ཐོག་གྲོང་མི་ཚོས་སུར་པན་འདེབས་ཁྱོན་ཆེ་དྲགས་པར་དོགས་ནས་ཐོན་འབབ་དང་ཚོང་ལམ་ལ་སེམས་ཁྲལ་བྱེད་ཀྱི་ཡོད། དེར་བརྟེན་རྫོང་སྲིད་གཞུང་གིས“ཁེ་ལས་དང་། མཉམ་ལས་ཁང་། འདེབས་འཛུགས་དུད་ཚང་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་མེད་པར་བཟོས་ཏེ་ལེགས་བསྡུས་ཞིབ་གཉེར་ཅན་གྱི་དོ་དམ་བྱས་པ་རེད། གྲོང་མི་ཚོས་ས་ཞིང་དེ་གྲོང་ཚོའི་མཉམ་སྡེབ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་ཚད་ལྡན་ཅན་གྱི་དོ་དམ་ལ་སྤྲད་པ་དང་། ཁོང་ཚོས་ཉིན་ལྟར་གྲོང་ཚོའི་ལག་རྩལ་མི་སྣའི་མཛུབ་ཁྲིད་འོག་འདེབས་འཛུགས་ཁོ་ནར་ཞུགས་ན་འགྲིག་གི་ཡོད།

སྣང་རྫོང་གི་སུར་པན་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱས་པ་དང་ཚད་ལྡན་ཅན་གྱི་དོ་དམ་བྱེད་སྟངས་ཀྱིས་ཐོན་ལས་ཀྱི་ཡོང་འབབ་འགན་ལེན་བྱས་པ་མ་ཟད། ངལ་རྩོལ་ནུས་ཤུགས་ལའང་བཅིངས་འགྲོལ་ཆེན་པོ་ཐོབ་ཡོད། ད་ལྟ་ངག་དབང་བསྟན་འཛིན་གྱི་མུའུ་7གྱི་སུར་པན་འདེབས་འཛུགས་ཀྱི་ལས་ཀ་ཁོང་གི་བཟའ་ཟླ་གཅིག་པུས་བྱེད་ཐུབ་ཀྱི་ཡོད་པ་དང་ཁོང་རྫོང་གྲོང་དུ་ལས་ཀ་བྱེད་པར་ལོ་ལྟར་ཁྱིམ་ཚང་གི་ཡོང་འབབ་ཁྱོན་སྒོར་ཁྲི་10ལྷག་ཙམ་ཟིན་གྱི་ཡོད། ངག་དབང་བསྟན་འཛིན་གྱིས་མཛེས་བཟོ་བྱས་པའི་ཁང་པའི་ནང་བསྡད་དེ་འདི་ལོའི་ཞིང་ཁ་མུའུ་5ལ་ཡང་དྲོད་ཁང་བརྒྱབ་ནས་འཚོ་བ་དེ་བས་ཕྱུག་ཏུ་གཏོང་རྩིས་ཡོད་པ་རེད།

2020ལོར་རྫོང་དེ་ཡོངས་ཀྱི་སུར་པན་འདེབས་ཁྱོན་མུའུ་8000ལྷག་ཙམ་ཟིན་པ་དང་། སྔོན་དཔག་བྱས་ན་ཐོན་ཚད་ཏུན་6000དང་ཐོན་རྫས་རིན་ཐང་སྒོར་ཁྲི་2400ཟིན་ནས་དུད་ཚང་1570ལ་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.22ཡོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད། ད་ཆ་སྣང་རྫོང་གི་སུར་པན་དེ་མང་ཚོགས་ཀྱི“ཕྱུག་འགྱུར་སུར་པན་”དུ་གྱུར་ཡོད།

རེ་བ་གསར་པ།

སུར་པན་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བས་སྣང་རྫོང་གི་གྲོང་མི་ཚོའི་འཕེལ་རྒྱས་ཀྱི་ཧུར་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། ད་ལྟ་རྫོང་ཡོངས་སུ་ཞིང་འབྲོག་པ་གསུམ་གྱིས་མཉམ་ལས་རྩ་འཛུགས་བཙུགས་པའི་ནང་ཁྱིམ་ཚང་གཅིག་ལ་SCཡི་བདེན་དཔང་ར་སྤྲོད་ཐོབ་ནས་སྒོ་རྩིས་ཚོང་ཁང་ཆེ་གྲས་ལ་ཐད་ཀར་མཁོ་འདོན་བྱེད་ཆོག་གི་ཡོད། དེ་དང་ཆབས་ཅིག་སྣང་རྫོང་སྲིད་གཞུང་གིས་ཚོང་འགུག་མ་འདྲེན་བྱས་ནས་ཁེ་ལས་དང་མཉམ་ལས་བྱས་ཏེ་ཐོན་རྫས་བཟོ་ལས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མང་དུ་བཏང་ཡོད། མིག་སྔར་སྣང་རྫོང་སུར་པན་གྱིས་སུར་པན་གྱི་སྨན་སྣ་དང་། སུར་པན་ཅང་། རྒྱ་ཁོག་གི་རྒྱུ་ཆ། སྲན་འདག་སོགས་ཁྱད་ལྡན་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ནས་བོད་རང་སྐྱོང་ལྗོངས་དང་དེ་བཞིན་ནང་སར་ཚོང་ལམ་ཡག་པོ་ཡོད་པ་རེད། གྲོང་མི་ཚོའི་ཚོང་ཟོག་གི་འདུ་ཤེས་རིམ་བཞིན་ཟབ་ཏུ་གཏོང་ཆེད། སྣང་རྫོང་སྲིད་གཞུང་གིས་ད་དུང་གྲོང་མི་ཚོར་དྲ་རྒྱའི་ལས་སྟེགས་སྤྱད་དེ་ཐད་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་དགོས་པའི་ལྕག་སྐུལ་ཧུར་ཐག་བྱས་པ་རེད།

“འཆར་གཞི་ལྟར་སྣང་རྫོང་གིས་གཞི་ཁྱོན་དེ་བས་ཆེ་བའི་སྣང་རྫོང་གི་བཟོ་གྲྭ་ཅན་གྱི་མྱུག་གསོ་རྟེན་གཞིའི་རྣམ་གྲངས་རེ་ཞུ་ཧུར་ཐག་བྱེད་བཞིན་ཡོད་པ་དང་དུས་མཚུངས་སུར་པན་ཐོན་ལས་ཀྱི་ཐོན་སྐྱེད་ལས་སྣོན་བྲིན་ཚོང་འཁོར་རྒྱུག་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་ང་ཚོའི་སྣང་རྫོང་གི་སུར་པན་རྒྱལ་ཡོངས་སུ་འཚོང་བ་དང་ཐ་ན་ཕྱི་རྒྱལ་དུ་འཚོང་ཐུབ་པ་བྱ་རྒྱུ་ཡིན”ཞེས་སྣང་རྫོང་རྫོང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས། སླད་ཕྱིན་སྣང་རྫོང་གི་སུར་པན་ཐོན་ལས་འཕེལ་རྒྱས་ཐད་ཧྲུའུ་ཅི་བཀྲ་ཤིས་ཀྱིས་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ལ་ཡིད་ཆེས་ཀྱིས་ཀྱང་ཁེངས་ཡོད།