《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月29日

སྣོད་བཅུད་སྲུང་སྐྱོང་བྱས། ཞི་མཐུན་ཁྱིམ་གཞིས་བསྐྲུན།

—— ཉིང་ཁྲི་གྲོང་ཁྱེར་གྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ལས་དོན་སྐོར་གྱི་དངོས་བྲིས།

ཉིང་ཁྲིར་རྩ་ཆེན་དང་། དམིགས་བསལ། ལོ་རྒྱུས་རིང་བ་བཅས་ཀྱི་སྐྱེ་དངོས་རིགས་ཧ་ཅང་མང་པོ་ཡོད་པས། ཉིང་ཁྲི་འདི་ཉིད་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་ས་ཁུལ་གྱི་གྲལ་ཞིག་ཡིན།

ཉིང་ཁྲི་གྲོང་ཁྱེར་གྱིས་རི་སྐྱེས་སྲོག་ཆགས་དང་དེ་དག་འཚོ་གནས་བྱ་ཡུལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ནས། རི་སྐྱེས་སྲོག་ཆགས་འཚོ་གནས་བྱ་ཡུལ་གཙོ་བོ་ཚང་མ་སྲུང་སྐྱོང་གི་ཁྱབ་ཁོངས་སུ་རིམ་པས་བཅུག་སྟེ་ལྟ་སྲུང་ནན་པོ་བྱས་ཤིང་། ད་ཆ་ཉིང་ཁྲི་གྲོང་ཁྱེར་དུ་རང་བྱུང་སྲུང་སྐྱོང་ཁུལ་མི་འདྲ་བ་ཁག་14བཙུགས་པར་ས་ཁྱོན་སྤྱི་ཆིངས་ཁྲི་422.185ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་ས་ཁྱོན་གྱི་36.08%བཟུང་ནས་རྒྱལ་ཁབ་ཀྱི་གཙོ་གནད་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་90%ཡན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

ཁྲིམས་འཛིན་ཞིབ་བཤེར་ཐག་གཅོད་བྱས་ནས་བདེ་འཇགས་ཀྱི་སྲུང་གདུགས་ཕུབ་པ།

ཉིང་ཁྲི་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལོ་ལྟར་ནགས་ཚལ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་གཏོར་བཤིག་དང་ཧམ་བཟུང་བྱེད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི“གནམ་རྒྱའི་བྱ་སྤྱོད”དང་། “སྤུ་གྲིའི་བྱ་སྤྱོད” “དབྱར་གྱི་རྔ་གསང་གི་བྱ་སྤྱོད”སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས། གྲོང་ཁྱེར་དང་རྫོང་དུ་ཕན་ནུས་ཆེ་བའི་མཉམ་འགུལ་ཁྲིམས་འཛིན་ལག་བསྟར་གྱིས་སྡེ་ཚན་ཁག་ཕན་ཚུན་གཞོགས་འདེགས་དམ་ཟབ་ཀྱིས་ཚལ་ཁྲོམ་དང་། ཟ་ཁང་། ཡུལ་ཟོག་ཚོང་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ལ་ཁྲིམས་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་རྔོན་པ་དང་། ཉོ་ཚོང་། ཚོང་གཉེར། སྐྱེལ་འདྲེན། སྤྱོད་པ་བཅས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱས་པས། གྲོང་ཁྱེར་ཡོངས་སུ་རི་སྐྱེས་སྲོག་ཆགས་ཉོ་ཚོང་གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་དྲག་གནོན་ཞིག་ཆགས་ཏེ་རི་སྐྱེས་སྲོག་ཆགས་ཐོན་ཁུངས་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ“ཐར་པར་གཏན་ནས་བཏང”མེད་པ་རེད།

ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ནས་སྲུང་སྐྱོང་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ།

ཉིང་ཁྲི་གྲོང་ཁྱེར་གྱིས་ཆེད་ལས་ལྟ་སྲུང་བ་300དང་མང་ཚོགས་ཀྱི་ནགས་སྲུང་བ་ཁྲི་12ཀྱི་ཐོན་ཁུངས་ལྟ་སྲུང་གི་གཞི་རྩའི་ནུས་པ་ལེགས་པར་འདོན་ཆེད། 《ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་སྤྱི་ཕན་ནགས་ཚལ་དོ་དམ་གྱི་བྱ་ཐབས》ཧུར་ཐག་བཟོས་ནས་བཏོན་ཏེ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུ་དེ་ལྟ་སྲུང་གི་འགན་འཁྲིའི་ཁོངས་སུ་བཅུག་ནས་རིམ་བཞིན་ལྟ་སྲུང་གི་ཕན་ནུས་དང་ལྟ་སྲུང་གི་མ་དངུལ་གཉིས་ཐོད་ཐུག་གི་ལྕག་སྐུལ་ལམ་སྲོལ་བཙུགས་པ་དེས། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ནང་ཞུགས་པའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་སེམས་སྐོང་འཐེན་ཆེས་ཆེར་ཐུབ་ནས། “ཆེད་མིས་ལྟ་སྲུང་བྱེད་པ་དང་དམངས་ཡོངས་ཞུགས་པའི”རི་སྐྱེས་སྲོག་ཆགས་ཐོན་ཁུངས་དོ་དམ་བྱེད་སྟངས་ཤིག་མངོན་འགྱུར་བྱུང་ཡོད།

རི་སྐྱེས་སྲོག་ཆགས་འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་ལ་ཁྲིམས་བཞིན་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས《ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་གྱི་བྱ་ཐབས》དང་། 《རང་སྐྱོང་ལྗོངས་རིམ་པའི་ཀོང་པོའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་གྱི་བྱ་ཐབས》སོགས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་སྔ་རྗེས་སུ་ཞིབ་འཇུག་བྱས་ནས་བཟོས་པ་དེས“རི་སྐྱེས་སྲོག་ཆགས་ཀྱི་ཁྱིམ་གཞིས”སྲུང་སྐྱོང་ལ་ཁྲིམས་ཀྱི་གཞི་འཛིན་ས་བྱུང་ཡོད།

དྲིལ་བསྒྲགས་སློབ་གསོ་བཏང་ནས་སྤྱི་འབངས་ཀྱི་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་བཏང་བ།

རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པར་དྲིལ་བསྒྲགས་བྱ་རྒྱུ་སྔོན་དུ་བཞག་པ། ལོ་ལྟར་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས“འཛམ་གླིང་གི་འདམ་རའི་ཉིན་མོ”དང་། “འཛམ་གླིང་གི་རི་སྐྱེས་སྲོག་ཆགས་ཀྱི་ཉིན་མོ”“འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོང་ཉིན་མོ”སོགས་ཀྱི་སྐབས་དང་བསྟུན་ནས་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་གཅིག་སྡུད་ངང་སྤེལ་ཏེ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་བརྙན་ལམ་སྟོན་པ་དང་། དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲོད་པ། བརྙན་འཕྲིན་ནས་གནས་ཚུལ་གཏོང་སྤེལ་བྱེད་པ། གྲོས་འདོན་མིང་འགོད་ཀྱི་བྱེད་སྒོ་སྤེལ་བ་སོགས་ཀྱི་དྲིལ་བསྒྲགས་རྣམ་པ་བརྒྱུད་དམངས་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་མ་ཟད། ཚན་རིག་དང་མཐུན་པའི་ཤེས་བྱ་ཁྱབ་གདལ་ཡང་བཏང་བ་རེད།

རི་སྐྱེས་གཙོ་གནད་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་ཁ་གྲངས་མཐིལ་རྟོགས་གསལ་པོ་མེད་པ་དང་། དགོས་ངེས་ཀྱི་དྲིལ་བསྒྲགས་དཔྱད་གཞི་དཀོན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཉིང་ཁྲི་གྲོང་ཁྱེར་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་དྲིལ་བསྒྲགས་ལག་དེབ》རྩོམ་འབྲི་སྒྲིག་འཛུགས་ཞིབ་ཚགས་བྱས་ནས། གྲོང་ཁྱེར་ཡོངས་སུ་ཁྱབ་པའི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རི་སྐྱེས་གཙོ་གནད་སྲོག་ཆགས་རིགས་136དང་གཙོ་གནད་རི་སྐྱེས་རྩི་ཤིང་རིགས་346ཆ་ལག་ཚང་བའི་ངང་བསྡུ་རུབ་དང་ལེགས་སྒྲིག་བྱས་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར་ནས་ཞུས)