《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月29日

ལྷ་རྩེ་རྫོང་གིས།

ལམ་སྲོལ་གསུམ་ལ་བརྟེན་ནས་ཤེས་ལྡན་པའི་ལས་དོན་ལ་སྒུལ་ཤུགས་བསྣན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ལྷ་རྩེ་རྫོང་གིས་ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་དང་། འགག་གནད་སེལ་བ་དང་། སློབ་གསོ་གསོ་སྐྱོང་། ཕན་འབྲས་མཐོ་བའི་གཉེར་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་པ། ཤེས་ལྡན་པའི་ལས་ཀའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཤེས་ལྡན་པའི་འགན་ལེན་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།

སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལས་ཀའི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་བཏང་བ། ཤེས་ལྡན་པ་སྔོན་ལ་འཕེལ་རྒྱས་གཏོང་བའི་འདུ་ཤེས་བརྟན་པོ་བཙུགས་ནས་རྫོང་ཨུད་ཧྲུའུ་ཅིས་ཙུའུ་ཀྲང་བྱས་པའི་ཤེས་ལྡན་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་ཁོངས་མིའི་ཚན་པའི་འགན་འཁྲི་དང་ལས་ཀའི་སྒྲིག་སྲོལ་བཟོས་ཏེ“ཤེས་ལྡན་པ་གསོ་སྐྱོང་དང་ཤེས་ལྡན་པ་བེད་སྤྱོད”ཀྱི་འགན་འཁྲི་ཨང་དང་པོ་དོན་འཁྱོལ་བྱས་ཡོད། 《ལྷ་རྩེ་རྫོང་གི་སློབ་ཆེན་ཐོན་པའི“གྲོང་དཔོན”གྱི་ལས་གཏོད་དང་དོ་དམ་བསམ་འཆར》དང་། 《ལྷ་རྩེ་རྫོང་གི་ཡུལ་དེའི་བཀོལ་སྤྱོད་ཤེས་ལྡན་པའི་དོ་དམ་བྱ་ཐབས》 དེ་བཞིན་རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཞིང་འབྲོག་ཁུལ་ལ་ཞབས་འདེགས་ཞུ་བའི་བཀོལ་སྤྱོད་ཤེས་ལྡན་པར་འབྲེལ་གཏུག་བྱེད་པའི་ལས་ཀ་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིགས་ཁག་གི་ཤེས་ལྡན་པའི་ལས་དོན་ཚད་ལྡན་ཅན་དང་ཚན་རིག་ཅན་ལ་འགྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

སྐྱེད་སྲིང་ལམ་སྲོལ་ཤུགས་ཆེར་བཏང་ནས་སྒུལ་ཤུགས་ཆེན་པོ་མུ་མཐུད་བསྣན་པ། རིགས་ཁག་གི་ཤེས་ལྡན་པའི་གསོ་སྐྱོང་དང་གསར་སྤེལ་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས“ཕྱིར་སྐྱོད་པ་དང་། གདན་དྲངས་པ། རང་བརྟེན་འཛིན་གྲྭ་འཛུགས་པ”སོགས་ཀྱི་བྱ་ཐབས་བརྒྱུད་ཐབས་ལམ་མང་པོ་དང་ཕྱོགས་ཡོངས་ཀྱི་སྒོ་ནས་ཏང་སྲིད་ཤེས་ལྡན་པའི་དཔུང་ཁག་ལ་སློབ་གསོ་གསོ་སྦྱོང་བྱས་ཤིང་། 2019ལོར་རིགས་ཁག་གི་ཏང་སྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་32གཉེར་བར་མི་ཐེངས་2120ལ་སློབ་གསོ་ཐེབས་ཡོད། སྨན་བཅོས་དང་། ཞིང་འབྲོག ཆུ་བེད། སློབ་གསོ་སོགས་ལས་རིགས་ཁྱབ་ཁོངས་ཀྱི་ལག་རྩལ་རྐང་འཛིན་པ་60ལྷག་ཙམ་ལྗོངས་ཕྱི་ནང་དུ་དུས་ཐུང་གསོ་སྦྱོང་ལ་མངགས་ཏེ་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣས་རྒྱུན་མཐུད་སློབ་གསོའི་དྲ་ཐོག་སློབ་སྦྱོང་ནང་ཞུགས་རྒྱུར་ལྟ་སྐུལ་བྱས་ཏེ་ཆེད་ལས་ལག་རྩལ་ཤེས་ལྡན་པའི་བྱང་ཚད་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་བ་དང་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་བཏང་ཡོད།

ཁོར་ཡུག་ལམ་སྲོལ་ལེགས་སུ་བཏང་ནས་ལས་ཀའི་གསོན་ཤུགས་གང་ལེགས་འཕེལ་བར་བྱས་པ། ཤེས་ལྡན་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཆབ་སྲིད་བསྡུ་ལེན་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་རིགས་ཁག་གི་ཤེས་ལྡན་པའི་ཁྱད་ལྡན་ལེགས་ཆ་དེ་ལས་གནས་དགོས་མཁོ་དང་སྙོམས་སྒྲིག་གང་ལེགས་ཐུབ་རྒྱུ་མཐའ་འཁྱོངས་ཀྱིས་རང་ངོས་ཁྱབ་ཁོངས་སུ་ཤེས་ལྡན་པས་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་པའི་འགན་ལེན་བྱས་ཡོད། ཏང་སྲིད་འགོ་ཁྲིད་ཀྱིས་ཤེས་ལྡན་པ་དང་འབྲེལ་གཏུག་ཆ་སྒྲིག་བྱེད་པའི་ལམ་ལུགས་བཟོས་ཏེ་མི་སྤྱོད་ཚན་པས་འགོ་ཁྲིད་ཚན་ཁག་གི་ཁོངས་མི་1ནས་2བར“འབྲེལ་གཏུག་སློབ་དཔོན”དང“ལས་སྒོའི་སློབ་དཔོན”ལ་གཏན་འཁེལ་བྱས་ནས་ཤེས་ལྡན་པས་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ཏུ་རང་འགན་གཙང་སྒྲུབ་བྱེད་པའི་ནུས་པ་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།