《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月29日

“ནས་ནག་གཅེན་གཅུང”གི་ལས་གཏོད་ལམ་བུ།

“སློབ་གྲྭ་ཐོན་པའི་ལོ་དེར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག‘གནད་སྨིན་དབུལ་སྐྱོར’དང‘གྲོང་གསེབ་དར་རྒྱས’ཀྱི་འཐབ་ཇུས་བཏོན་པར་རང་ཉིད་ལ་སྐུལ་འདེད་ཆེན་པོ་ཐེབས་བྱུང་། ངའི་ཕ་ཡུལ་མཛེས་ཤིང་ལྟ་ན་སྡུག་མོད། འོན་ཀྱང་མི་མང་པོ་ཞིག་གི་འཚོ་བར་སྔར་བཞིན་དཀའ་ངལ་ཆེན་པོ་ཡོད། ང་དང་གཅེན་པོས་གྲོས་བསྡུར་བྱས་རྗེས་ལས་གཏོད་དང་ཕ་ཡུལ་གྱི་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ་ཕ་ཡུལ་གྱི་ལེགས་ལྡན་ཐོན་ཁུངས་སྤྱད་ནས་མང་ཚོགས་སྣེ་ཁྲིད་དེ་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བློ་གྲོས་རབ་བརྟན་གྱིས་བཤད།

“འདི་ནི་ད་ལོའི་ཐོན་རྫས་གསར་པ་ཡིན་པའི་ནས་ནག་ཏན་ཞིམ་རེད། ཁུག་མ་གཅིག་ལ་རྒྱ་མ་གསུམ་ཡོད་པས་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག ད་ལྟ་ང་ཚོས་ཆབ་མདོ་ཁུལ་གསར་དུའང་བཟའ་བཅའ་ཀུང་སི་བཙུགས་ཏེ་ཡུལ་དེའི་ལས་བཟོ་24བསྡུས་ཡོད”ཅེས་པད་མ་འཇིགས་མེད་ཀྱིས་ངོ་སྤྲོད་བྱས།

ལས་གཏོད་ཀྱི“ས་བོན”ལ་རྩྭ་བ་ཚུགས་ནས་མྱུ་གུ་རྒྱས་པ།

རི་བོ་ཆེ་རྫོང་ཟམ་ཁ་ཤང་འབྲུག་ཐོག་གྲོང་ཚོའི་པད་མ་འཇིགས་མེད་དང་བློ་གྲོས་རབ་བརྟན་གཅེན་གཅུང་གཉིས་པོའི་ཁྱིམ་ཚང་ནི་དེ་སྔ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་ཞིང་། 2017ལོར་གཅེན་གཅུང་གཉིས་པོ་མཉམ་དུ་སློབ་ཆེན་ཐོན་ནས་མི་ཚེའི་ལམ་མདོ་ཁར་སླེབས།

བློ་གྲོས་རབ་བརྟན་ཕ་མའི་འདུན་པ་ལྟར་དཔའ་ཤོད་རྫོང་ཁྲལ་དོན་ཅུས་སུ་ཡིག་རྒྱུགས་འཕྲོད། དེས་ན་ངོ་རྒྱུགས་གཏོང་ཉེར་ཡོད་པའི་སྐབས་དེར་ཁོང་སེམས་ཐག་ཆོད་པོ་དེ་ཙམ་མ་བྱུང་བར་གཅེན་པོ་པད་མ་འཇིགས་མེད་དང་གྲོས་བསྡུར་ཡུན་རིང་བྱས་རྗེས་གཅེན་པོ་དང་མཉམ་དུ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུའི་སེམས་ཐག་བཅད།

རི་བོ་ཆེ་རྫོང་གྲོང་ནས་རྡོག་ཐོན་བྱས་ཏེ་གསར་འགོད་པ་དང་བཅས་པ་རླངས་འཁོར་བསྡད་དེ་ལམ་བར་རི་མཐོ་གཡང་གཟར་བརྒྱུད་ཆུ་ཚོད་3ཙམ་བསྐྱོད་མཐར་ཟམ་ཁ་ཤང་འབྲུག་ཐོག་གྲོང་ཚོར་སླེབས་རྗེས་གསེར་མདོག་ཅན་གྱི་པད་ཁའི་ཞིང་ཁ་ཡུག་གཅིག་གི་མེ་ཏོག་བསིལ་རླུང་ཁྲོད་ལྡེམ་ལྡེམ་དུ་གཡོ་བཞིན་མིག་དབང་ཅིག་ཅར་དུ་འཕྲོག་པ་ཞིག་འདུག

མེ་ཏོག་ཁྲོད་ནས་ན་གཞོན་ཞིག་ཚུར་འོང་ནས་ངེད་ཚོར་དགོད་འཚེར་འཚེར་ངང་འཚམས་འདྲི་ཞུས་བྱུང་།

“སྔོན་ལ་ངས་ཁྱེད་ཚོ་ངེད་ཚོའི་མཉམ་ལས་ཁང་གི་ལས་སྣོན་བཟོ་ཁང་དུ་ལྟ་སྐོར་བྱེད་པར་ཁྲིད་ཆོག”ཅེས་ཤོད་བཞིན་པད་མ་འཇིགས་མེད་ཀྱི་རྣམ་འགྱུར་ལས་ཁམས་པའི་སེམས་རྩ་འཁོལ་ལ་ཟོལ་མེད་ཀྱི་གཤིས་རྒྱུད་ངང་གིས་མངོན།

ཁ་བརྡར་གློད་རིང་པད་མ་འཇིགས་མེད་ཀྱིས་གསར་འགོད་པར་ཁོང་ཡང་གཅུང་པོ་བློ་གྲོས་རབ་བརྟན་དང་འདྲ་བར་སྔར་སྲོལ་འགྱུར་མེད་ཀྱི་འཚོ་བ་སྐྱེལ་འདོད་མེད་ཅེས་བཤད། 2014ལོར་རྒྱལ་ཁབ་ཀྱིས“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”ཅེས་པའི་སྲིད་ཇུས་བཏོན་པ་ལས་གཅེན་གཅུང་གཉིས་པོའི་སེམས་ནང་ལས་གཏོད་ཀྱི་འདུན་པ་འཆར།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

དུས་དེ་ནས་བཟུང་བློ་གྲོས་རབ་བརྟན་གྱིས་ལས་གཏོད་ཀྱི་ཤེས་བྱ་གཙོ་གནད་དུ་བཟུང་ནས་སྦྱོང་འགོ་བཙུགས་ཏེ་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོའི་ནང་ཐེངས་མང་ཞུགས་པ་དང་ལས་སློབ་གཉིས་བརྩོན་གྱི་གོ་སྐབས་དམ་འཛིན་གྱིས་ལས་ཀའི་ཉམས་མྱོང་གསོག་འཇོག་བྱས།

“སློབ་གྲྭ་ཐོན་པའི་ལོ་དེར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག‘གནད་སྨིན་དབུལ་སྐྱོར’དང‘གྲོང་གསེབ་དར་རྒྱས’ཀྱི་འཐབ་ཇུས་བཏོན་པས་རང་ཉིད་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་། ངའི་ཕ་ཡུལ་མཛེས་ཤིང་ལྟ་ན་སྡུག་མོད། འོན་ཀྱང་མི་མང་པོ་ཞིག་གི་འཚོ་བར་སྔར་བཞིན་དཀའ་ངལ་ཆེན་པོ་འཕྲད་ཡོད། ང་དང་གཅེན་པོས་གྲོས་བསྡུར་བྱས་རྗེས་ལས་གཏོད་དང་ཕ་ཡུལ་གྱི་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ་ཕ་ཡུལ་གྱི་ཁྱད་ལྡན་ཐོན་ཁུངས་སྤྱད་ནས་མང་ཚོགས་སྣེ་ཁྲིད་དེ་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བློ་གྲོས་རབ་བརྟན་གྱིས་བཤད།

2017ལོའི་ཟླ་7པར་ཅིས་ནན་སློབ་ཆེན་ནས་ཐོན་པའི་བློ་གྲོས་རབ་བརྟན་དང་ལྷོ་ནུབ་ཚན་རྩལ་སློབ་ཆེན་ནས་ཐོན་པའི་གཅེན་པོ་པད་མ་འཇིགས་མེད་ཀྱིས་རང་སྐྱོང་ལྗོངས་ཀྱི“གཉིས་གཏོད”སྲིད་ཇུས་ཀྱི་སྐུལ་གཏོང་དང་ལས་གཏོད་ཀྱི་འདུན་པ་ཆེ་བའི་ཀུན་སློང་འོག་ཕ་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་འབད་འབུངས་ཁྲོད་ལང་ཚོའི་གཟི་བྱིན་འབར་བར་བྱས།

དཀའ་ངལ་མཐའ་དག་ཁྱད་བསད་ཀྱིས་ལམ་བུ་གསར་པ་བཏོད་པ།

ཐོག་མར་ལས་གཏོད་བྱེད་སྐབས་མ་དངུལ་མེད་ལ་ཐབས་ལམ་ཡང་མེད་རྐྱེན་གཅེན་གཅུང་གཉིས་པོར་ལས་གཏོད་ཇི་ལྟར་བྱེད་པའི་ཐད་སེམས་ཁྲལ་ཆེན་པོ་སྐྱེས། དེ་བས་མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པ་ལྟར་གཞུང་ལས་པའི་ངོ་རྒྱུགས་ནང་མ་ཞུགས་པར་ལས་གཏོད་བྱེད་མཁན་ཡིན་པའི་སྐོར་ཕ་མ་གཉིས་ཀྱིས་ཤེས་རྗེས་ཁོང་ཁྲོ་ཆེན་པོ་ལངས།

“སྐབས་དེ་དུས་ཕ་མ་གཉིས་ཀས་ངེད་གཉིས་ཀྱི་ལས་གཏོད་ལ་ངོ་རྒོལ་ཆེན་པོ་བྱས་ཏེ་ལས་ཀ་བརྟན་པོ་ཞིག་འཚོལ་རྒྱུའི་ཁ་ཏ་བསླབ་བྱ་བྱས་བྱུང་། རྗེས་སུ་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་ལྷུངས་པའི་ཕ་མ་གཉིས་པོས་ཟླ་གཉིས་ལྷག་ཙམ་ཁ་གྲགས་མ་བྱུང”ཞེས་ཐོག་མར་ལས་གཏོད་བྱེད་སྐབས་ཀྱི་དཀའ་ངལ་དྲན་གསོ་བྱེད་བཞིན་བློ་གྲོས་རབ་བརྟན་གྱི་མིག་ཟུང་མཆི་མས་བརླན།

ནང་མིས་གཤེ་གཤེ་གཏོང་བ་དང་། སློབ་གྲོགས་ཀྱིས་དོགས་འདྲི་བྱེད་པ། གྲོགས་པོས་བསམ་ཤེས་མི་བྱེད་པ་བཅས་ཀྱི་མདུན་དུ་བློ་གྲོས་རབ་བརྟན་གཅེན་གཅུང་གཉིས་པོས་ཐེ་ཚོམ་ཡང་ཡང་བྱས་མོད། མཐར་ཁོང་གཉིས་པོའི་ལས་གཏོད་ཀྱི་ཡིད་ཆེས་དང་ཆོད་སེམས་ལ་འགྱུར་བ་བྱུང་མེད།

ཐེངས་ཤིག་སྟེས་དབང་གི་གོ་སྐབས་ཤིག་ལ་མཉམ་ལས་ཁང་བཙུགས་ཚེ་སྲིད་ཇུས་དང་མ་དངུལ་གྱི་རོགས་སྐྱོར་ཡོད་པ་ཤེས་ནས་དེ་མུར་བློ་གྲོས་རབ་བརྟན་ལ་ལས་གཏོད་ཀྱི་རེ་བ་རྙེད།

བློ་གྲོས་རབ་བརྟན་དང་པད་མ་འཇིགས་མེད་ཀྱིས་འབྲུག་ཐོག་གྲོང་ཚོའི་སྣོད་བཅུད་ཁོར་ཡུག་ཡག་པས་ནས་ནག་བཟའ་བཅའི་ཐོན་སྐྱེད་ལས་སྣོན་འཁོར་སྦྲེལ་བཙུགས་ཏེ་ས་མཐོའི་ཁྱད་ལྡན་བཟའ་བཅའ་ལས་སྣོན་དང་ཐོན་སྐྱེད་བྱ་རྒྱུའི་སེམས་ཐག་བཅད།

དེ་ལྟར་བྲེལ་བརྩོན་ཆེན་པོས་གྲ་སྒྲིག་གང་ལེགས་བྱས་རྗེས་2017ལོའི་ལོ་སྨད་དུ་གཅེན་གཅུང་གཉིས་པོས་སྒོར་ཁྲི་10ཡི་ལས་གཏོད་མ་དངུལ་རེ་ཞུ་བྱས་ཏེ་རི་བོ་ཆེ་རྫོང་ཟམ་ཁ་ཤང་ཨ་ནོར་ཚང་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་འབྲེལ“མཉམ་ལས་ཁང་དང་། ཞིང་དུད། བཟའ་བཅའ་ཀུང་སི”བཅས་ཟུང་དུ་འབྲེལ་བའི་ཐོན་ལས་ཅན་གྱི་དཔེ་དབྱིབས་ལྟར་གཉེར་སྐྱོང་བྱས།

“མཉམ་ལས་ཁང་བཙུགས་རྗེས་སྲིད་གཞུང་གི་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཅིང་། འབྲེལ་ཡོད་སྡེ་ཚན་གྱིས་ངེད་ཚོར་ཐོན་ལས་རྣམ་གྲངས་མ་དངུལ་སྒོར་ཁྲི་500བརྩོན་ལེན་བྱེད་རོགས་བྱས་པས། དུས་འགོའི་མ་དངུལ་མི་འདང་བའི་གནད་དོན་ཐག་གཅོད་ཐུབ་བྱུང”ཞེས་བློ་གྲོས་རབ་བརྟན་གྱིས་བཤད། དེ་རྗེས་ཟླ་གཉིས་ལྷག་ཙམ་རིང་ཁྲོམ་རར་བརྟག་ཞིབ་བྱས་པ་བརྒྱུད་བློ་གྲོས་རབ་བརྟན་གྱིས་གྲོང་མིར་ནས་དཀར་འདེབས་པ་ནས་འཚོ་བཅུད་ཀྱི་རིན་ཐང་ཆེ་ལ་ཁེ་བཟང་མང་བའི་ནས་ནག་འདེབས་རྒྱུའི་ལྕག་སྐུལ་བྱས། གྲོང་མིའི་སེམས་ཁྲལ་སེལ་ཆེད་མཉམ་ལས་ཁང་གིས་གྲོང་མིར་ནས་ནག་གི་ས་བོན་རིན་མེད་ངང་སྤྲད་པ་དང་འབྲེལ་ནས་ནག་སྨིན་རྗེས་རྒྱ་མ་རེར་སྒོ་4བྱས་ཏེ་ཉོ་རྒྱུའི་ཁས་བླངས།

ཤ་ཚ་དང་ངང་རྒྱུད་རིང་པོས་འགྲེལ་བཤད་ཐེངས་མང་བརྒྱབ་པ་བརྒྱུད་རིམ་བཞིན་གྲོང་མི་ཚོའི་བསམ་བློར་འགྱུར་ལྡོག་བྱུང་ཞིང་། 2018ལོར་འབྲུག་ཐོག་གྲོང་ཚོའི་གྲོང་མི་དུད་ཚང་84ཡིས་ཁྱོན་ནས་ནག་མུའུ་532བཏབ་པས་རི་བོ་ཆེར་ཁོང་གཉིས་ལ“ནས་ནག་གཅེན་གཅུང”ཞེས་པའི་མིང་ཡང་གྲགས།

ལས་གཏོད་ལམ་བུ་ཇེ་ཡངས་སུ་ཕྱིན་པ།

ཨ་ནོར་ཚང་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་སྣོན་བཟོ་ཁང་དུ་སླེབས་སྐབས་ལུས་ལ་ལས་གོས་གྱོན་པའི་ལས་དོན་པས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་ཡོད་ཅིང་། མི་གཅིག་གིས་སྐྱོགས་ཀྱིས་ནས་ནག་བླུགས་པ་དང་གཅིག་གིས་ཐུམ་སྒྲིལ་སྣོད་ཕད་རྒྱ་མར་བཏེགས་པ་དང་གཞོགས་གཞན་ཞིག་ཏུ་ལས་དོན་པ་གཉིས་ཀྱིས་སྣོད་ཀྱི་ཁ་འཚེམ་བཞིན་འདུག

སྐོར་བ་གཅིག་བརྒྱབ་རྗེས་གསར་འགོད་པས་ནས་ནག་གི་རྩམ་པ་དང་། ཡོས། ས་མཐོའི་གྲོ་མ་སོགས་ཐོན་རྫས་གྲུབ་མ་ཟོག་སྒྲོམ་སྟེང་གྲལ་སྟར་འགྲིག་པོས་བཞག་པ་མཐོང་བྱུང་།

“འདི་ནི་ད་ལོའི་ཐོན་རྫས་གསར་པ་ཡིན་པའི་ནས་ནག་ཏན་ཞིམ་རེད། ཁུག་མ་གཅིག་ལ་རྒྱ་མ་གསུམ་ཡོད་པས་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག ད་ལྟ་ང་ཚོས་ཆབ་མདོ་ཁུལ་གསར་དུའང་བཟའ་བཅའ་ཀུང་སི་བཙུགས་ཏེ་ཡུལ་དེའི་ལས་བཟོ་24བསྡུས་ཡོད”ཅེས་པད་མ་འཇིགས་མེད་ཀྱིས་ངོ་སྤྲོད་བྱས།

ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་ཆེད་ཨ་ནོར་ཚང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས“ལྗང་མདོག་དང་། བདེ་འཇགས། སྤུས་ཚད”བཅས་ཀྱི་སྤུས་རྟགས་ཧུར་ཐག་བཏོད་དེ་ལག་རྩལ་གྱི་ཆུ་ཚད་གསར་གཏོད་དང་རིམ་སྤོར་བྱས་པ་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་སོང་ཡོད། མཉམ་ལས་ཁང་དེས་ཀྱང་རི་བོ་ཆེ་རྫོང་དང་ཆབ་མདོ་གྲོང་ཁྱེར་དུ་ཕྱིར་ཚོང་ས་ཚིགས་བཙུགས་ཏེ་ལོ་གཅིག་གི་ཕྱིར་ཚོང་བྱེད་ཚད་ཏུན་20ཙམ་ཟིན་པ་དང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད།

ཀུང་སི་རྒྱུན་གཏན་གྱི་བགྲོད་ལམ་ཐོག་འཕེལ་རྒྱས་ཕྱིན་པ་དང་སྦྲགས་མཉམ་ལས་ཁང་གི་ཁོངས་མིར་འབབ་འཕར་བྱུང་ནས་འཚོ་བའི་སྤུས་ཚད་ཀྱང་ལེགས་སུ་ཆེས་ཆེར་སོང་ཞིང་། ལས་བཟོ་ཕུར་བུ་ཆོས་འཕེལ་ནི་དེའི་ཁྲོད་ཀྱི་དཔེ་མཚོན་ཞིག་རེད། ཁོང་གི་ཁྱིམ་དུ་མི་6ཡོད་པ་དང་དེ་སྔ་རྩལ་ནུས་གང་ཡང་མེད་རྐྱེན་དབུལ་པོར་གྱུར། གཟུགས་གཞི་གཅོང་བའི་གཅེན་མོས་ལས་ཀ་ལས་མི་ཐུབ་པ་དང་། ཕ་མ་གཉིས་ཀར་ལྟ་རྟོག་བྱེད་དགོས་པ། གཅུང་པོ་ད་དུང་སློབ་གྲྭ་འགྲིམ་བཞིན་ཡོད་པ་བཅས་ལས་ཕུར་བུ་ཆོས་འཕེལ་ཁྱིམ་དུ་ཕྱུགས་འཚོ་བ་དང་ཞིང་ལས་བྱས་ཏེ་མི་སྡོད་ཀ་མེད་བྱུང་བ་རེད། 2018ལོར་ཁོང་མཉམ་ལས་ཁང་དུ་ལས་ཀར་ཡོང་བར་ཡོང་འབབ་སྒོར་4000ལྷག་ཙམ་རག་པས་དགའ་ཚོར་ཆེན་པོ་སྐྱེས།

ད་ཆ་མཉམ་ལས་ཁང་གིས་ད་དུང་ཡུལ་དེ་གའི་འདེབས་འཛུགས་དུད་ཚང་84དང་མང་ཚོགས་དབུལ་པོ་473ལ་འབབ་འཕར་ཡོང་རྒྱུའི་སྐུལ་ཁྲིད་བྱས་པས། དུད་ཚང་རེར་ལོར་ཆ་སྙོམས་ཡོང་འབབ་སྒོར་5000ཡན་བྱུང་བ་རེད།

ལོ་དེ་དག་ནང་བློ་གྲོས་རབ་བརྟན་གྱིས་ཤོད་མང་ཤོས་ནི་ང་རང་ལས་གཏོད་ལམ་ལྷོངས་བྱུང་བ་དེ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་ཅེས་པ་དེ་རེད། ད་ཆ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་མཛུབ་ཁྲིད་འོག་བློ་གྲོས་རབ་བརྟན་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་རྙེད།

“མིག་སྔར་རྩི་ཤིང་སྣུམ་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་སྟབས་འདི་ལོ་ང་ཚོས་པད་ཁ་མུའུ་6དང་ཉི་མ་མེ་ཏོག་མུའུ་1ཚོད་འདེབས་བྱས་པ་ཡིན། མིག་སྔའི་སྐྱེ་ཚུལ་ལ་བལྟས་ན་ལོ་ལེགས་ཡག་པོ་ཡོང་བཟོ་འདུག”གཅེན་གཅུང་གཉིས་པོས་གྲོས་བསྡུར་བྱས་མཐར། སྐྱེལ་འདྲེན་གྱི་མ་གནས་གྲོན་ཆུང་ཐུབ་རྒྱུ་དང་ཆབས་ཅིག་ཐོན་རྫས་དེ་བས་ཐག་རིང་སར་སྐྱེལ་རྒྱུར་སྟབས་བདེ་ཡོད་པར་བསམས་ནས་ཐོན་སྐྱེད་འཁོར་ཁང་རི་བོ་ཆེ་རྫོང་གྲོང་གི་ཉེ་འགྲམ་དུ་སྤོ་རྒྱུའི་སེམས་ཐག་བཅད།

(བསོད་བདེས་བསྒྱུར། སྐལ་མཆོག་གིས་ཞུས)