《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月29日

ཆབ་མདོ་གྲོང་ཁྱེར་གྱིས་ཡོམ་འགོག་གནོད་འཚེ་ཉུང་གཏོང་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་ཆབ་མདོ་གྲོང་ཁྱེར་ས་ཡོམ་ཅུས་ཀྱིས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་། དྲིལ་བསྒྲགས་སློབ་གསོ། འཕྲལ་སྡོམ་ནང་སྦྱོང་། རྣམ་གྲངས་འཛུགས་སྐྲུན་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབ་ཆེད། ཆབ་མདོ་གྲོང་ཁྱེར་ས་ཡོམ་ཅུས་ཀྱིས་ད་ཡོད་ཀྱི་ས་ཡོམ་བབས་ཚུགས་སྤྱད་དེ་གྲོང་ཁྱེར་དེ་ཡོངས་ཀྱི་ས་ཁོངས་ནང་གི་ས་ཡོམ་ལྟ་ཞིབ་ཚད་ལེན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཆུ་ཚོད་24རིང་གི་འཕྲལ་སྡོམ་ལས་རེས་ལམ་ལུགས་ལག་བསྟར་བྱས་ཡོད། དེ་དང་ཆབས་ཅིག་འཕྲལ་སྡོམ་གྱི་གྲ་སྒྲིག་ཡག་པོ་བྱས་ཏེ་ས་ཡོམ་བརྒྱབ་རྗེས་འཕྲལ་མར་ས་གནས་ས་ཐོག་ཏུ་སྐྱོད་ནས་འཕྲལ་སྡོམ་ཐག་གཅོད་བཀོད་སྒྲིག་བྱེད་ཐུབ་པའི་འགན་ལེན་བྱས་པ་དང་། རྫོང(ཆུས)11གི་ས་ཡོམ་གྱི་ཤུགས་ཚད་མགྱོགས་མྱུར་སྙན་ཞུ་ཕུལ་བའི་གཞི་གྲངས་འཚོལ་བསྡུ་ལེགས་སྒྲིག་བྱས་ཏེ་འཕྲལ་སྡོམ་རོགས་སྐྱོབ་ཐག་གཅོད་བཀོད་སྒྲིག་དང་གནོད་འཚེའི་ཚོད་སྐོར་ལས་དོན་ལ་ཐབས་ཇུས་རང་བཞིན་གྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།

འདི་ལོའི་ལོ་སྟོད་དུ་ཆབ་མདོ་གྲོང་ཁྱེར་ས་ཡོམ་ཅུས་ཀྱིས་རང་སྐྱོང་ལྗོངས་ས་ཡོམ་ཅུས་ལ་རམ་འདེགས་བྱས་ནས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་ས་ཡོམ་ཤུགས་ཚད་མགྱོགས་མྱུར་སྙན་ཞུ་ཕུལ་བ་དང་ཉེན་བརྡ་གཏོང་བའི་འདུ་འགོད་རྣམ་གྲངས་དང་། མཚོ་བོད་ས་མཐོའི་ལྟ་ཞིབ་ཚད་ལེན་གྱི་ནུས་པ་མཐོར་གཏོང་རྣམ་གྲངས་ལག་བསྟར་བྱས་ཤིང་། རི་བོ་ཆེ་དང་། བྲག་གཡབ། གོ་འཇོ། སྨར་ཁམས། མཛོ་སྒང་བཅས་རྫོང་5ཡི་གཞི་རྩའི་ས་ཚིགས་མིག་སྔར་བསྐྲུན་ཟིན་ནས་རྗེས་མཐུད་ཀྱི་འབྲེལ་ཡོད་སྒྲིག་ཆས་སྒྲིག་སྦྱོར་སྙོམས་སྒྲིག་ཚོད་ལྟ་བྱས་རྗེས་བེད་སྤྱོད་གཏོང་ཆོག་གི་ཡོད་པ་རེད།