《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月28日

སྨར་ཁམས་རྫོང་བདེ་སྐྱིད་ཁང་གསར་བཀོད་སྒྲིག་བྱ་ཡུལ་དུ་དུད་ཚང་གཅིག་ནས་ཉུང་མཐར་ཡང་མི་གཅིག་ལས་ཞུགས་བརྟན་པོ་བྱུང་བ།

ཡོང་འབབ་འགན་ལེན་ཡོད་པས་ཡུན་རིང་བདེ་སྐྱིད་བྱུང་བ།

སྨར་ཁམས་རྫོང་བདེ་སྐྱིད་ཁང་གསར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་སླེབས་སྐབས། གཙང་ཞིང་གྲལ་འགྲིག་པའི་ཁུལ་ཆུང་ནང་ཐོག་བརྩེགས་ཅན་གྱི་ཁང་པ་སྟར་པ་དང་སྟར་པ་སྒྲིག་ནས་འདུག དེ་ནི་ཆབ་མདོ་གྲོང་ཁྱེར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཆེ་ཤོས་ཡིན། དེ་ནི་སྒར་ཐོག་གྲོང་རྡལ་ལྕགས་ཐག་སྟེང་གྲོང་ཚོར་ཆགས་པ་དང་། རྒྱལ་ལམ་214ཡི་ངོགས་སུ་གནས་པ། སྨར་ཁམས་རྫོང་གྲོང་དང་བར་ཐག་སྤྱི་ལེ་3ཡོད་པ། ཐོན་ལས་གླིང་དང་ཐག་ཉེ་པོ་ཡོད། འདི་གར་གནས་སྤོས་མང་ཚོགས་དུད་ཚང་1499ཡི་མི་གྲངས་10989སྤོས་ཡོད།

གནས་སྤོས་བྱས་རྗེས་མང་ཚོགས་ཀྱི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་སམ། དེ་ནི་གནས་སྤོས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཞིག་རེད། སྔ་ས་ནས་བཀོད་སྒྲིག་བྱ་ཡུལ་འདེམས་རྒྱུ་དང་དུས་འགོའི་འཆར་འགོད་བཟོ་སྐབས། སྨར་ཁམས་རྫོང་གིས་ལས་ཞུགས་ཁྲོམ་ར་དང་གནས་སྤོས་མང་ཚོགས་ཀྱི་འདོད་བློ“ཕྱོགས་གཉིས་ལ་བརྟག་དཔྱད”ཡག་པོ་བྱས་ཤིང་། ཐོན་ལས་འཕེལ་རྒྱས་དང་། རྩལ་ནུས་གསོ་སྦྱོང་། སྲིད་ཇུས་འགན་ལེན། རང་བརྟེན་ལས་གཏོད་སོགས་ཀྱི་བྱེད་ཐབས་བརྒྱུད། གནས་སྤོས་མང་ཚོགས་ལ་ལས་ཞུགས་ཐབས་ལམ་འཚོལ་ཞིབ་བྱས་ཏེ་གནས་སྤོས་དུད་ཚང་གཅིག་ནས་ཉུང་མཐར་ཡང་མི་གཅིག་ལས་ཞུགས་ཐུབ་པའི་འགན་ལེན་བྱས་ནས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཡོད།

སྨར་ཁམས་རྫོང་ཅིང་བོད་མཉམ་འབྲེལ་ཚན་རྩལ་འཛུགས་སྐྲུན་རྒྱུ་ཆ་ཚད་ཡོད་ཀུང་སིར་ལོ་33ལ་སླེབས་པའི་བསོད་ནམས་མཚོ་མོ་ལས་ཀར་བྲེལ་ནས་འདུག སྔོན་ལ་ཁྲེ་ཙེས་པང་ལེབ་ཐོག་ཐིག་རྒྱག་པ་དང་། དེ་ནས་གྲི་ཆུང་གིས་ཐིག་ཚད་ལྟར་བརྐོས་རིས་འཐེན་གྱི་ཡོད། དེ་རྗེས་པང་ལེབ་གཏུབ་བཞིན་འདུག

“ལས་ཀ་སྟབས་བདེ་ཙམ་ཡོད་པས་ང་ཉིན་ལྔ་ནས་གོམས་སོང་། བཟོ་གྲྭའི་ནང་ད་དུང་ཉིན་གུང་གི་ཁ་ལག་སྟེར་གྱི་འདུག་པས་ང་ཧ་ཅང་བློ་ཡིད་ཚིམ་པོ་བྱུང”ཞེས་བསོད་ནམས་མཚོ་མོས་དགའ་ཚོར་ཆེན་པོས་བཤད། ཟླ་དང་པོར་ཁོ་མོར་དངོས་སྦྱོང་གླ་ཆ་སྒོར་3500རག་པ་དང་ཀུང་སིའི་གཏན་འབེབས་ལྟར་ན།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) དངོས་སྦྱོང་དུས་ཡུན་ཟླ་2ཡིན་པ་དང་ཟླ་3པ་ནས་བཟུང་ཁོ་མོའི་གླ་ཆ་སྒོར་4500བར་འཕར་རྒྱུ་རེད།

བསོད་ནམས་མཚོ་མོ་ནི་སྨར་ཁམས་རྫོང་གི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་དུ་ལས་ཞུགས་ཐུབ་པའི་བདེ་སྐྱིད་ཁང་གསར་བཀོད་སྒྲིག་བྱ་ཡུལ་གྱི་གནས་སྤོས་མང་ཚོགས་མང་པོའི་ཁྲོད་ཀྱི་གྲས་ཤིག་རེད། སྨར་ཁམས་རྫོང་གིས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་གླིང་ལ་བརྟེན་ནས། བདེ་སྐྱིད་ཁང་གསར་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ལས་ཀར་བཅུག་སྟེ་མང་ཚོགས་རྣམས“ས་ལས་ཁོ་ན་བྱེད་མཁན”ནས“ཐོན་ལས་བཟོ་པར”གྱུར་ཡོད། དེང་སྐབས་སྨར་ཁམས་རྫོང་གི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་གླིང་དུ་དངོས་ཚན་ཁེ་ལས་77བཅའ་སྡོད་བྱས་ཟིན་ཞིང་། ཁེ་ལས་43སྐྲུན་འགོ་ཚུགས་པ་དང་ཁེ་ལས་26ཐོན་སྐྱེད་བྱེད་འགོ་ཚུགས་ནས་མང་ཚོགས་དབུལ་པོ་1821ལས་ཞུགས་ཐུབ་ཡོད། དེ་དང་ཆབས་ཅིག གླིང་ནང་གི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱིས་བཀོད་སྒྲིག་གི་བར་བརྒལ་དུས་སྐབས་སུ་ཐོན་ལས་ཡོང་འབབ་ཀྱི་2.5%བཏོན་ནས་གནས་སྤོས་མང་ཚོགས་ལ་ཁེ་སྤོགས་བགོ་བའི་ཐད་སྤྱོད་ཀྱི་ཡོད།

བདེ་སྐྱིད་ཁང་གསར་བཀོད་སྒྲིག་བྱ་ཡུལ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བ་དབང་གྲགས་ཀྱིས་ངོ་སྤྲོད་བྱས་དོན། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་ཕུད། མིག་སྔར་བཀོད་སྒྲིག་བྱ་ཡུལ་དུ་སྤྱི་ཚོགས་ཀྱི་ཐ་སྐྱོང་སྲིད་ཇུས་ཁྱབ་སྤེལ་དང་རྩལ་ནུས་གསོ་སྦྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་གནས་སྤོས་མང་ཚོགས་4374ལས་ཞུགས་བརྟན་པོ་བྱུང་ནས་དུད་ཚང་གཅིག་ནས་ཉུང་མཐར་ཡང་མི་གཅིག་ལས་ཞུགས་བརྟན་པོ་ཡོང་བའི་དམིགས་ཚད་དུ་སླེབས་ཡོད་པ་རེད།

བདེ་སྐྱིད་ཁང་གསར་བཀོད་སྒྲིག་བྱ་ཡུལ་གྱི་གྲོང་མི་བུ་དགའ་ཡིས་གསར་འགོད་པར་བརྗོད་དོན། 2015ལོ་ནས་བཟུང་། ཁོང་གི་ཁྱིམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་རྗེས་བུ་དང་མནའ་མ་ཚང་མ་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་སྣ་ཚོགས་ནང་ཧུར་ཐག་ཞུགས་ཡོད། 2019ལོའི་ལོ་སྟོད་དུ། བུ་དགའི་བུ་རྒན་པ་བསོད་ནམས་བཀྲ་ཤིས་ཀྱིས་སྨར་ཁམས་རྫོང་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་བདེ་སྲུང་གི་ལས་ཀ་རག་པ་དང་། “ཟླ་རེར་གླ་ཆ་སྒོར་2100ཡོད། འདི་གར་ལས་ཀ་བྱས་ན་ཆར་པ་དང་ཉི་མ་ཚ་པོའི་ཁྲོད་བསྐྱོད་དགོས་མེད་པས་སྔོན་ཆད་ལས་ལས་ཟོས་ཡང་བ་འདུག”ཅེས་བསོད་ནམས་བཀྲ་ཤིས་ཀྱིས་བཤད། ད་ཆ་ཁོང་གིས་གོ་སྐབས་འདིར་གཅེས་སྤྲས་ཆེན་པོ་བྱས་ནས་ཉིན་ལྟར་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་ཀྱི་ཡོད།

གཏམ་བཟང་ཡང་ཡང་གྲགས། ཡུན་རིང་མ་སོང་བར་བུ་དགའི་བུ་ཆུང་བ་བསོད་ནམས་དབང་འདུས་ཀྱང་རྫོང་ཁོར་ཡུག་སྲུང་སྐྱོང་རུ་ཁག་གི་ལས་ཀར་ཞུགས་པ་དང་། ཁོང་གི་ལས་ཀ་ནི་གཙོ་བོ་གད་སྙིགས་གཙང་བཟོའི་རླངས་འཁོར་གཏོང་རྒྱུ་དེ་ཡིན། མ་བྱན་གྱི་གསོ་སྦྱོང་ནང་ཞུགས་མྱོང་བའི་མནའ་མ་འཆི་མེད་སྒྲོལ་དཀར་ཡང་བདེ་སྐྱིད་ཁང་གསར་སློབ་ཆུང་གི་མ་བྱན་དུ་གྱུར།

བདེ་སྐྱིད་ཁང་གསར་བཀོད་སྒྲིག་བྱ་ཡུལ་དུ་ཚོང་རྒྱག་བཞིན་པའི་གནས་སྤོས་མང་ཚོགས་ཀྱང་མང་པོ་ཡོད། གཙང་ཤོད་ཤང་གཙང་ཤོད་གྲོང་ཚོ་ནས་གནས་སྤོས་བྱས་པའི་དགའ་སྐྱིད་རྡོ་རྗེས་བརྒྱ་ཟོག་ཚོང་ཁང་ཞིག་བཙུགས། སྤང་མདའ་ཤང་འབུམ་ནས་གྲོང་ཚོའི་དབང་འདུས་ཀྱིས་ཤིང་ཏོག་དང་སྔོ་ཚལ་ཚོང་ཁང་བཙུགས་ཡོད། སྤང་མདའ་ཤང་རྒྱ་སྣེ་སྟེང་གྲོང་ཚོ་ནས་གནས་སྤོས་བྱས་པའི་ལྷ་བཟང་དང་པད་མ་ཆོས་སྒྲོན་བཟའ་ཚོ་ལས་ཀ་འཇོན་པོ་ཡོད་པས་ཟ་ཁང་བཙུགས་པ་དང་། ཟོག་འདྲེན་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་ལས་ལ་གཞོལ་བ། བདལ་གཏོང་རླངས་འཁོར་གཏོང་བ་བཅས་བྱེད་ཀྱི་ཡོད་པས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད།

ལས་ཞུགས་ཐུབ་ན་ཡོང་འབབ་བརྟན་པོ་ཡོད་པས་བདེ་སྐྱིད་ཡུན་རིང་ཡོང་ཐུབ། བདེ་སྐྱིད་ཁང་གསར་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད་པ་དང་བདེ་སྡོད་ལས་བརྩོན་གྱི་ངོ་མཚར་ཆེ་བའི་ལེའུ་རྒྱུན་ཆད་མེད་པར་རྩོམ་བཞིན་ཡོད།

(རིག་འཛིན་རྡོ་རྗེ་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)