《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

ཁྲོན་བོད་ལམ་ཐིག་ཐོག་གི་དཔའ་བོ་བཅུ།

1967ལོའི་ཟླ་8པར། རླངས་འཁོར་ཚོགས་པ་ཞིག་གི་རུ་ཤོག་གསུམ་པའི་སློབ་སྟོན་པ་གཞོན་པ་ལི་ཤན་ཝུན་གྱིས་དམག་བཀའ་དང་ལེན་ཞུས་ནས་ལེན་ཤོག་11དང་12པའི་སྣེ་ཁྲིད་དེ་ཁྲོན་བོད་ལམ་ཐིག་ཐོག་དམག་གྲབས་སྐྱེལ་འདྲེན་གྱི་ལས་འགན་བསྒྲུབས་ཤིང་། རླངས་འཁོར་རུ་ཁག་ལེ་དབར་སྟོང་གི་ཁྲོན་བོད་སྐྱེལ་འདྲེན་ལམ་ཐིག་བརྒྱུད་བོད་ཀྱི་བར་ལུང་རི་བོའི་ས་ཁོངས་སུ་འབྱོར། དེ་གར་རི་ཉིལ་བའི་གནས་ཚུལ་ཚབས་ཆེན་ཐོན་མ་ཐག་ཡིན་པས་འགྲོ་ལམ་རྦད་དེ་འགག་ཡོད། སྐབས་དེ་དུས། ལེན་ཤོག་12པའི་ལེན་ཀྲང་གཞོན་པ་ཁྲེན་ཧུང་ཀོང་གིས་འཐབ་འཛིང་པ་གསུམ་གྱི་སྣེ་ཁྲིད་དེ་དཔའ་ངར་ཆེན་པོས་ཉེན་ཁའི་ཁུལ་དུ་བསྐྱོད་ནས་གཞུང་ལམ་མྱུར་བཟོ་བྱས་ཏེ་ལི་ཤན་ཝུན་གྱིས་སྣེ་ཁྲིད་པའི་ལེན་ཤོག་12པའི་འཐབ་འཛིང་པ་དང་མཉམ་དུ་རྡོ་ཕུང་མང་པོའི་ཁྲོད་ནས་ལམ་ཞིག་བཤངས་བ་རེད། ལི་ཤན་ཝུན་གྱིས་ཉེན་ཁ་ཆེ་ཤོས་ཀྱི་སར་ལངས་ནས་ཕྱོགས་གཅིག་ནས་དེ་གའི་གནས་ཚུལ་ལ་ལྟ་ཞིབ་དང་། ཕྱོགས་གཞན་ཞིག་ནས་རླངས་འཁོར་རུ་ཁག་ཉེན་ཁའི་ཁུལ་ནས་ལམ་སེང་གྲོལ་རྒྱུར་བཀོད་འདོམས་བྱས། ལེན་ཤོག་12པའི་རླངས་འཁོར་རུ་ཁག་ཉེན་ཁའི་ཁུལ་ནས་སྒྲོལ་ཏེ་ཡུན་རིང་མ་སོང་བར། ལེན་ཤོག་11པའི་རླངས་འཁོར་རུ་ཁག་རི་ཉིལ་སའི་ལམ་དུམ་དུ་འབྱོར། སྐབས་དེར་སླར་ཡང་རི་ཉིལ་ནས་བྲག་རྡོ་གང་སར་ཟགས་པ་དང་ལྡིར་སྒྲ་ཧ་ཅང་ཆེན་པོ་ཞིག་གྲགས་ནས་གཞུང་ལམ་སླར་ཡང་ཚབས་ཆེན་འགག་པ་རེད། ཉེན་ཁའི་གནས་ཚུལ་དེ་འདྲ་འཕྲད་སྐབས། ལེན་ཤོག་11པའི་ལེན་ཀྲང་དབྱང་ཤིང་ཁྲུན་གྱིས་ཉེན་ཁར་མི་འཛེམས་པར་ལམ་སེང་དཔོན་དམག་སྒྲིག་འཛུགས་བྱས་ཏེ་ལམ་མྱུར་བཟོ་བྱས། ཡིན་ནའང་རི་ཉིལ་ཤུགས་ཆེ་རུ་ཕྱིན་ནས་འགྲོ་ལམ་མྱུར་བཟོ་བྱེད་ཐབས་བྲལ་བ་མ་ཟད། ད་དུང་ལེན་ཤོག་གི་རླངས་འཁོར་རུ་ཁག་གི་བདེ་འཇགས་ལའང་ཉེན་ཁ་བཟོས། དབྱང་ཤིང་ཁྲུན་ནི་ལེན་ཤོག་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་། ཁོང་གིས་ལམ་སེང་ས་གནས་ས་ཐོག་ཏུ་ཏང་ཀྲི་པུའི་ཛ་དྲག་ཚོགས་འདུ་འཚོགས་ནས། རླངས་འཁོར་རུ་ཁག་སྤྱི་ལེ་1གི་བདེ་འཇགས་ཁུལ་དུ་ཕྱིར་འཐེན་བྱས་ཏེ་ཉེན་ཁའི་གནས་ཚུལ་གཞིར་བཟུང་རླངས་འཁོར་རུ་ཁག་དེ་ནས་གྲོལ་བའི་གོ་སྐབས་སྒུག་ནས་སྡོད་རྒྱུའི་ཐག་བཅད། བསམ་ཡུལ་ལས་འདས་པའི་གནས་ཚུལ་མི་ཐོན་པ་བྱ་ཆེད། དབྱང་ཤིང་ཁྲུན་གྱིས་ཉེན་ཁའི་ཁུལ་དུ་གང་བྱུང་དུ་འགྲོ་མི་ཆོག་པའི་བཀའ་ཐེངས་མང་བཏང་མོད། འོན་ཀྱང་ཁོང་རང་ཉིད་ཉིན་ལྟར་ལེན་ཤོག་གི་ལས་བྱེད་པ་དང་མཉམ་དུ་ཉེན་ཁའི་ཁུལ་དུ་ཐེངས་མང་བསྐྱོད་དེ། ངེས་མེད་དུ་ཟགས་ཡོང་བའི་བྲག་རྡོར་ལྟ་ཞིབ་དང་ཉེན་ཁའི་གནས་ཚུལ་ཟིན་ཐོར་བཀོད་པ་དང་། རི་ཉིལ་ཕྱོགས་ཞིབ་འཇུག་བྱས་ཏེ་སྐབས་བསྟུན་གྱིས་རླངས་འཁོར་རུ་ཁག་ཉེན་ཁའི་ཁུལ་ནས་གྲོལ་རྒྱུའི་གྲ་སྒྲིག་བྱས།

ཟླ་8ཚེས་28ཉིན། སློབ་སྟོན་པ་གཞོན་པ་ལི་ཤན་ཝུན་གྱིས་སྣེ་ཁྲིད་པའི་ལེན་ཤོག་12པའི་རླངས་འཁོར་རུ་ཁག་གིས་ལས་འགན་ལེགས་གྲུབ་བྱས་རྗེས་ཕྱིར་ལོག་པའི་ལམ་བར་དུ་སླར་ཡང་ཉེན་ཁའི་ཁུལ་གྱི་ནུབ་སྣེར་ལམ་འགག་ནས་ལུས་པ་རེད། རི་ཉིལ་བའི་གནས་ཚུལ་ལ་ལྟ་ཞིབ་བྱ་ཆེད། ལེན་ཀྲང་གཞོན་པ་ཁྲེན་ཧུང་ཀོང་དང་མཛུབ་ཁྲིད་པ་གཞོན་པ་ཐན་རེན་ཀུའེ་ཡིས་ཉེན་ཁར་མ་འཛེམ་པར་ཉིན་དེ་རང་དུ་ཉེན་ཁའི་ཁུལ་ནས་བསྐྱོད་དེ་ཉེན་ཁའི་ཁུལ་གྱི་ཤར་སྣེར་ལུས་པའི་ལེན་ཤོག་11པ་དང་མཉམ་དུ་འཛོམས་ནས་ཉེན་ཁའི་ཁུལ་ནས་སྒྲོལ་བའི་ཐབས་ཤེས་ཐུན་མོང་ཐོག་ཞིབ་འཇུག་བྱས་པ་རེད། ཚེ་29ཉིན། རི་ཉིལ་ཚབས་ཆེ་རུ་ཕྱིན་ནས་རི་ནས་ཟགས་པའི་བྲག་རྡོ་ཆེན་པོ་ཆུའི་ནང་དུ་ལྷུང་རིམ་བཞིན་ཆུ་རླབས་སྨི་གཉིས་ཙམ་འཕྱུར་བ་དང་རི་ཉིལ་ཚབས་དེ་བས་ཆེ་རུ་ཕྱིན། དམག་གྲབས་སྐྱེལ་འདྲེན་ལས་འགན་དུས་ཐོག་ཏུ་ལེགས་གྲུབ་བྱ་ཆེད། རླངས་འཁོར་དཔུང་སྡེའི་འཐབ་འཛིང་པ་ཚོས་རང་ཉིད་ཀྱི་བདེ་སྡུག་སྣང་མེད་དུ་བཏང་ཞིང་། ཉིན་གུང་། ལི་ཤན་ཝུན་གྱིས་ཁོང་གཅིག་པུ་ནུབ་སྣེ་ནས་ཉེན་ཁའི་ཁུལ་དུ་བསྐྱོད་པ་དང་། ཕྱི་ནས་ཉེན་ཁའི་གནས་ཚུལ་ལྟ་ཞིབ་བྱེད་བཞིན་པའི་འཐབ་འཛིང་པས་རྡོ་གང་སར་ཟགས་པ་མཐོང་སྐབས་སྐད་ཤུགས་ཆེན་པོས“སློབ་སྟོན་པ་གཞོན་པ། མགྱོགས་པོ་ཚུར་ཕེབས་ཤོག”ཅེས་བརྗོད་ཀྱང་། ཁོང་གིས་འཐབ་འཛིང་པ་ཚོར་ལྟ་ཙམ་བྱས་ནས་བློ་རྩ་བརྟན་པོས་མདུན་ཕྱོགས་སུ་རྒྱུག་ཅིང་། ལམ་བར་དུ་ལམ་བཟོའི་བཟོ་པ་དང་སྤུན་ཟླའི་དཔུང་སྡེའི་བློ་མཐུན་འཕྲད་རིམ་བཞིན་ཁོང་གིས་སེམས་ཁུར་ཆེན་པོས་ལམ་སེང་བདེ་འཇགས་ཁུལ་དུ་ཕྱིར་ལོག་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱེད་པ་དང་། ཡིན་ནའང་ཁོང་རང་ཉིད་ཉེན་ཁར་མ་འཛེམས་པར་ཐལ་རྡུལ་གྱིས་ཁེངས་པའི་ཉེན་ཁའི་ཁུལ་གྱི་ལྟེ་བར་བསྐྱོད་ནས་ལམ་གྱི་གནས་ཚུལ་ལྟ་ཞིབ་བྱས། ཉེན་ཁའི་ཁུལ་གྱི་ཤར་སྣེར་གནས་པའི་ལེན་ཀྲང་དབྱང་ཤིང་ཁྲུན་དང་། ལེན་ཀྲང་གཞོན་པ་ཁྲེན་ཀོང་ཡོན། མཛུབ་ཁྲིད་པ་གཞོན་པ་ཁྲེན་ཏེ་ཧྥེང་དང་ཐན་རེན་ཀུའེ། ཕའེ་ཀྲང་ཆུས་ཡུའེ་ལུན་བཅས་ཀྱིས་ཁ་པར་བརྒྱུད་ནས་ལི་ཤིན་ཝུན་གཅིག་པུ་ཉེན་ཁའི་ཁུལ་དུ་བསྐྱོད་པའི་གནས་ཚུལ་ཐོས་སྐབས། ཁོང་ཚོས་ལམ་སེང་ཉེན་ཁའི་ཁུལ་དུ་བསྐྱོད་ནས་ལི་ཤན་ཝུན་དང་མཉམ་འཛོམས་བྱས་ཏེ་རི་དེ་བས་ཉིལ་ཚབས་ཆེ་རུ་མ་འགྲོ་གོང་རླངས་འཁོར་རུ་ཁག་སྒྲིག་འཛུགས་བྱས་ཏེ་ཉེན་ཁའི་ཁུལ་ནས་གྲོལ་བའི་ཇུས་གཞིར་ཞིབ་འཇུག་བྱེད་རྒྱུའི་ཐག་བཅད་པ་རེད། དབྱང་ཆིང་ཏི་དང་། ལི་རུང་ཁྲང་། ཁྲེན་ཁྲང་ཡོན། ལི་ཤིང་ཧྥུའུ་བཅས་ཀྱིས་ཀྱང་ཉེན་ཁའི་ཁུལ་གྱི་ལྟེ་བར་བསྐྱོད་ནས་ལམ་བུ་འཚོལ་ཞིབ་བྱེད་རྒྱུའི་རེ་བ་བཏོན་པ་རེད། ཁོང་ཚོ་ཤར་སྣེ་དང་ནུབ་སྣེ་ནས་ཉེན་ཁའི་ཁུལ་གྱི་ལྟེ་བའི་ཕྱོགས་སུ་སྐྱོད་སྐབས་གནམ་ས་གཡོ་བའི་ལྡིར་སྒྲ་ཆེན་པོ་ཞིག་གྲགས་ནས་རི་དེ་བས་ཉིལ་ཚབས་ཆེ་རུ་སོང་ནས། བློ་མཐུན་10པོ་དེ་དག་ཆུ་རུད་འོག་ཚུད་ནས་སྐུ་གཤེགས་པ་རེད། ཁོང་ཚོ་ནི་རུ་ཤོག་གི་སློབ་སྟོན་པ་གཞོན་པ་ལི་ཤན་ཝུན་དང་། ལེན་ཀྲང་དབྱང་ཤིན་ཁྲུན། ལེན་ཀྲང་གཞོན་པ་ཁྲེན་ཧུང་ཀོང་། མཛུབ་ཁྲིད་པ་གཞོན་པ་ཁྲེན་ཏེ་ཧྥེང་དང་ཐན་རེན་ཀུའེ། ཕའེ་ཀྲང་ཆུས་ཡུའེ་ལུན། པན་ཀྲང་དབྱང་ཆིང་ཀྲུང་དང་ལི་རུང་ཧྥུའུ། འཐབ་འཛིང་པ་ཁྲེན་ཁྲང་ཡོན་དང་ལི་ཤིང་ཧྥུའུ་བཅས་ཡིན་པ་དང་། ཁོང་ཚོའི་ཁྲོད་གུང་ཁྲན་ཏང་ཡོན་8དང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་2ཡོད་པ་རེད།

དཔའ་བོ་བཅུ་པོ་ཁྲོན་བོད་གཞུང་ལམ་དུ་སྐུ་གཤེགས་པ་དང་ཁོང་ཚོའི་སྙིང་སྟོབས་ཀྱང་ལེ་དབར་སྟོང་གི་ཁྲོན་བོད་སྐྱེལ་འདྲེན་ལམ་ཐིག་ཐོག་ནམ་ཡང་གནས་སྲིད། 1968ལོའི་ཟླ་11པར། ཀྲུང་དབྱང་དམག་ཨུད་ཀྱིས་ཁོང་ཚོར“ཁྲོན་བོད་སྐྱེལ་འདྲེན་ལམ་ཐིག་ཐོག་གི་དཔའ་བོ་བཅུ”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་ནས་དམག་ཡོངས་ཀྱི་བཀོད་འཐབ་པར་ཁོང་ཚོར་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། 2003ལོའི་ཟླ་9པར། ཁྲོན་བོད་ལམ་ཐིག་ཐོག་གི་དཔའ་བོ་བཅུའི་དྲན་གསོའི་རྡོ་རིང་ཐང་སྨད་དམག་ཚུགས་ཀྱི་འགྲམ་དུ་བཞེངས་པ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། ལྷ་དབང་གིས་ཞུས)